ནག་ཆུ་གྲོང་ཁྱེར་འབྲི་རུ་རྫོང་མཁོ་ཚོང་མཉམ་ལས་ཁང་གིས་དབྱར་རྩྭ་དགུན་འབུ་འཐུ་བསྡུ་བྱ་ཡུལ་གྱི་དངོས་ཟོག་ཉོ་སྒྲུབ་ཀྱི་དཀའ་གནད་བསལ་བ།
དབྱར་རྩྭ་དགུན་འབུ་འཐུ་བསྡུའི་དུས་ཚིགས་ཤར་བ་དང་འབྲི་རུ་རྫོང་མཁོ་ཚོང་མཉམ་ལས་ཁང་གིས་བྱ་སྤྱོད་ཧུར་ཐག་སྤེལ་ནས་ཟླ་5ཚེས་23ཉིན་ཆེད་དོན་དངོས་ཟོག་སྡེབ་སྐྱེལ་ཞབས་འདེགས་ཞུ་འགོ་ཚུགས་ཏེ་སྔོ་ཚལ་དང་ཤིང་ཏོག་སོས་པ་དང་འཚོ་བའི་མཁོ་ཆས་སྣ་ཚོགས་འཐུ་བསྡུ་བྱ་ཡུལ་ཁག་ཏུ་བསྐྱལ་ནས་ཞིང་པར་ཞབས་འདེགས་ཞུ་བའི་ཐབས་ལམ་གསར་པ་བཏོད་ཡོད། “འཁོར་རྒྱུག་མཁོ་ཚོང”འཐུ་བསྡུ་བྱ་ཡུལ་དུ་ཞབས་འདེགས་ཞུ་བར་སྐྱོད་པའི་ཉིན་40ཡི་རིང་། མཁོ་ཚོང་མཉམ་ལས་ཁང་གི་དབྱར་རྩྭ་དགུན་འབུ་འཐུ་བསྡུ་བྱ་ཡུལ་10ལྷག་ཙམ་ལ་བསྐྱོད་ནས་དངོས་ཟོག་ཏུན་ཁྲི་5ལྷག་ཙམ་ཕྱིར་ཚོང་བྱས་པར་ཞིང་འབྲོག་པ་དུད་ཚང་2000ལྷག་ཙམ་ལ་ཕན་པ་ཐོབ་ནས་འཐུ་བསྡུ་བྱ་ཡུལ་མང་ཚོགས་ཀྱི་འཚོ་བའི་དངོས་ཟོག་མཁོ་སྤྲོད་གནད་དོན་ཐག་གཅོད་ནུས་ལྡན་ཐུབ་ཡོད།
འབྲི་རུ་རྫོང་གི་དབྱར་རྩྭ་དགུན་འབུ་ས་བབ་སྨི་4000ཡན་གྱི་རི་མཐོ་སར་སྐྱེ་གི་ཡོད་པས། མཁོ་ཚོང་མཉམ་ལས་ཁང་གི་དངོས་ཟོག་སྐྱེལ་མཁན་རླངས་འཁོར་ཉིན་ལྟར་རི་ལམ་ཀྱག་ཀྱོག་དང་གངས་འཁྱགས་ཁྲོད་ཕར་འགྲོ་ཚུར་འོང་བྱེད་ཀྱི་ཡོད།
“འཐུ་བསྡུ་བྱ་ཡུལ་དུ་སྐྱེལ་བའི་དངོས་ཟོག་ཚང་མ་ཉིན་དེར་ཉོ་སྒྲུབ་དང་ཉིན་དེར་བཙོངས་ཚར་བ་བྱེད་ཀྱི་ཡོད། ཉོ་སྒྲུབ་ཚོགས་པས་ཉིན་ལྟར་སྔ་པོ་ནས་ལངས་ཏེ་ས་གནས་དེ་གའི་ཁྲོམ་རར་བསྐྱོད་དེ་སྤུས་ཚད་ལ་འགན་ལེན་ནན་པོ་བྱས་ཏེ་ཤིང་ཏོག་དང་སྔོ་ཚལ་སོས་པ་དང་འཚོ་བའི་མཁོ་ཆས་སྣ་ཚོགས་བདམས་ཏེ་ཉོ་གི་ཡོད”ཅེས་ནག་ཆུ་གྲོང་ཁྱེར་འབྲི་རུ་རྫོང་མཁོ་ཚོང་མཉམ་ལས་ཁང་གི་སྤྱི་ཁྱབ་ཅིང་ལི་སྲི་ཐར་ཚེ་རིང་གིས་བརྗོད་པ་དང་། ཁོང་གིས“ཁ་ལོ་བའི་ཚོགས་པས་དངོས་ཟོག་ཡང་བསྐྱར་བསྡུ་གསོག་བརྒྱབ་ནས་རླངས་འཁོར་ནང་བླུགས་ཏེ་སྤུས་འབོར་གཉིས་ཀ་འགན་ལེན་གྱིས་དམིགས་སར་སྐྱེལ་གྱི་ཡོད། འཐུ་བསྡུ་བྱ་ཡུལ་ཐག་རིང་ཤོས་ལ་རླངས་འཁོར་བཏང་ནས་ཆུ་ཚོད་10ཙམ་ཕར་འགྲོ་ཚུར་འོང་བྱེད་དགོས་པས‘སྔ་ལངས་ཕྱི་ཉལ’བྱེད་རྒྱུ་ནི་རྒྱུན་གཏན་གྱི་ལས་ཀ་ཡིན”ཞེས་བརྗོད།
ཤེས་རྟོགས་བྱུང་བར་གཞིགས་ན། འབྲི་རུ་རྫོང་མཁོ་ཚོང་མཉམ་ལས་ཁང་2015ལོའི་ཟླ་3པར་བཙུགས་པ་དང་། “ཞིང་དུད་དང་། ཞིང་ལས། ཞིང་པ”བཅས་ལ་དམིགས་ནས་བཟོ་གྲྭའི་གོང་ཚད་ལྟར་དངོས་ཟོག་མངགས་པ་དང་བཙོངས་ནས་མང་ཚོགས་ཀྱི་དགོས་མཁོ་འགོ་འཛུགས་སར་བརྩིས་ཏེ་མཁོ་ཚོང་མཉམ་ལས་ཁང་གི་ཞབས་ཞུ་སྔར་བས་རྒྱ་ཆེར་བཏང་ནས་ཞིང་འབྲོག་པ་དེ་བས་མང་བར་སྟབས་བདེ་བསྐྲུན་ཏེ་གྲོང་གསེབ་དར་རྒྱས་ཁྲོད་མཁོ་ཚོང་ཁང་གི་སྟོབས་ཤུགས་སྐྱེས་སུ་འབུལ་བཞིན་ཡོད།
འབྲེལ་ཡོད་གསར་འགྱུར།