དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ལོ་རྒྱུས་དང་དེང་རབས་མཉམ་འདྲེས་ཁྲོད་ཀྲུང་ཝེའི་ལང་ཚོའི་སྟོབས་ཤུགས་གཅིག་ཏུ་སྒྲིལ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  འདི་ག་ཚགས་པར་གྱི་གསར་འགོད་པ། ཝུའུ་ཡན། ཚུའེ་དབྱིན།   |     སྤེལ་དུས།  2025-07-16

    ཟླ་6ཚེས་30ཉིན་ནས་ཟླ་7ཚེས་4ཉིན་བར། ཀྲུང་གོ་གུང་གཞོན་སྡེ་ཚོགས་ཀྲུང་དབྱང་དང་ཀྲུང་གོ་གུང་གཞོན་སྡེ་ཚོགས་ཧྲང་ཧའེ་གྲོང་ཨུད་ཀྱིས་མཉམ་དུ་གཉེར་བའི་ཝེ་ཐེ་ནམ་གྱི་གཞོན་ནུའི“གསར་བརྗེའི་ཞིབ་སློབ་འགྲུལ་བཞུད”སྟེ“ཐོག་མའི་བསམ་འདུན་མི་བརྗེད་པའི”ཞིབ་སློབ་སྒར་ཧྲང་ཧའེ་རུ་གཉེར་བ་རེད། ཝེ་ཐེ་ནམ་ཧུའུ་ཀྲི་མིང་གྲོང་ཁྱེར་ནས་ཡོང་བའི་གཞོན་ནུའི་འཐུས་མི་30ཙམ་གྱིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ཡུལ་དང་། ཐོག་མའི་བསམ་འདུན་འབྱུང་གནས། རླབས་ཆེན་ཏང་འཛུགས་སྐྱོང་གི་སྙིང་སྟོབས་སྐྱེད་སྲིང་བྱ་ཡུལ་བཅས་སུ་ཀྲུང་ཝེའི་མཛའ་གྲོགས་གསར་བརྗེའི་སྙིང་སྟོབས་འཚོལ་ཞིབ་དང་། ཀྲུང་གོའི་སྒྱུར་བཅོས་སྒོ་དབྱེའི་གཡུལ་ས་མདུན་མར་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་གསོན་ཉམས་ལྡན་པའི་ལག་ལེན་ཉམས་ལེན། ཀྲུང་གོའི་གཞོན་ནུ་དང་དུས་རབས་གསར་པའི་གཞོན་ནུའི་འགན་འཁྲི་འཁུར་སེམས་སྐོར་ལ་དཔྱད་བསྡུར་བཅས་བྱས་ནས་འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ཀྲུང་ཝེའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་ལང་ཚོའི་སྟོབས་ཤུགས་གཅིག་ཏུ་སྒྲིལ་ཡོད།

    གསར་བརྗེའི་སྙིང་སྟོབས་འཚོལ་ཞིབ་དང་མཛའ་གྲོགས་གཙོ་རྒྱུན་ཉམས་ལེན་བྱེད་པ།

    ཟླ་7ཚེས་1ཉིན། ཀྲུང་གུང་ཚོགས་ཆེན་དང་པོའི་དྲན་གསོ་ཁང་དུ་མི་ཚོགས་ཀྱིས་ཁེངས་པ་དང་ཝེ་ཐེ་ནམ་གྱི་གཞོན་ནུ་རྣམས་ཀྱང་ལྟ་སྐོར་རུ་ཁག་ནང་ཞུགས་ཡོད། ཝེ་ཐེ་ནམ་གྱི་གཞོན་ནུ་ལི་ཀུང་ཆོན་གྱིས་འདི་ག་ཚགས་པར་གྱི་གསར་འགོད་པར། “ངས་མའོ་ཙེ་ཏུང་སོགས་རླབས་ཆེན་གསར་བརྗེའི་གཙོ་འཛིན་གྱི་གཏམ་རྒྱུད་ཤེས་ཀྱི་ཡོད། དམིགས་བསལ་གྱི་ཉིན་མོ་འདིར་ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་ལ་རྒྱུས་ལོན་གཏིང་ཟབ་བྱ་རྒྱུ་བྱུང་བ་ནི་རང་ཉིད་ནས་ལོ་རྒྱུས་མེ་ལོང་དུ་འཛིན་པ་དང་འབྱུང་འགྱུར་ལ་བསམ་གཞིགས་བྱེད་པའི་གོ་སྐབས་རྩ་ཆེན་ཞིག་རེད”ཅེས་བཤད། ལྟ་སྐོར་མཇུག་འགྲིལ་རྗེས་ཝེ་ཐེ་ནམ་གྱི་གཞོན་ནུ་ཐའོ་ཧྲི་དབྱིང་གིས་དྲན་འཆར་འགོད་དེབ་ཐོག“ད་ཆའི་འཚོ་བར་གཅེས་སྤྲས་བྱེད”ཅེས་ནན་ཏན་ངང་བྲིས་པ་རེད།

    ཀྲུང་ཝེའི་ལས་དབང་གཅིག་མཐུན་ཚོགས་པས་གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་བྱས་ཡོད། ཞིབ་སློབ་སྒར་གྱིས“ཀྲུང་གོར་ཡོད་པའི་ཧུའུ་ཀྲི་མིང”ཞེས་པའི་ཆེད་དོན་འཆད་ཁྲིད་བྱས་ནས། ཀྲུའུ་ཞི་ཧུའུ་ཀྲི་མིང་གིས་ཀྲུང་གོར་བཞག་པའི་གསར་བརྗེའི་ཞབས་རྗེས་དང་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པ་རྒན་རབས་དབར་གྱི་གསར་བརྗེའི་མཛའ་བརྩེ་ཟབ་མོ་བརྗོད་པ་རེད། ཧྲང་ཧའེ་རུ་ཡོད་པའི་སུན་ཀྲུང་ཧྲན་གྱི་བཞུགས་གནས་རྙིང་པའི་དྲན་གསོ་ཁང་དུ་ཝེ་ཐེ་ནམ་གྱི་གཞོན་ནུ་ཚོར་ཀྲུང་ཝེའི་འགོ་ཁྲིད་པས་བཏོད་པའི“བློ་མཐུན་ཡིན་ལ་སྤུན་ཟླའང་ཡིན་པའི”སྲོལ་རྒྱུན་མཛའ་གྲོགས་ཟབ་མོ་ཚོར་ཡོད། ཝེ་ཐེ་ནམ་ཧུའུ་ཀྲི་མིང་གུང་གཞོན་སྡེ་ཚོགས་ཧུའུ་ཀྲི་མིང་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རོན་ཏེང་ཁེས“ང་ཚོས་ཀྲུའུ་ཞི་ཧུའུ་ཀྲི་མིང་གི་ཞབས་རྗེས་འཚོལ་ཞིབ་བྱས་པ་དང་དེ་སྔོན་ཧ་མི་གོ་བའི་རྩ་ཆེའི་ལོ་རྒྱུས་ཀྱི་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་བྱུང་བས་སེམས་འགུལ་ཆེན་པོ་ཐེབས་བྱུང་། ང་ཚོས་འདི་ནས་བསྡུ་ལེན་བྱས་པའི་བསམ་པའི་སྟོབས་ཤུགས་ཝེ་ཐེ་ནམ་དུ་མི་དེ་བས་མང་པོར་བརྗོད་ཀྱི་ཡིན”ཞེས་སེམས་འགུལ་ཐེབས་བཞིན་བརྗོད།

    དོན་སྙིང་ཟབ་པའི་ལག་ལེན་ཉམས་ལེན་དང་འབད་འཐབ་ཀྱི་སྟོབས་ཤུགས་བསྡུ་ལེན་བྱེད་པ།

    མཚན་མོ་ཝེ་ཐེ་ནམ་གྱི་གཞོན་ནུ་ཚོས་ཧྲང་ཧའེ་ཧོང་ཧྥུའུ་གྲུ་ཁའི་གནས་རྙིང་པར(ད་ལྟའི་ཆིན་ཧོང་ཏའོ་ལམ་གྱི་གྲུ་ཁ)“ཏང་དབུ་བརྙེས་ཡུལ”གྱི་བརྗོད་དོན་གཙོ་བོའི་ཡུལ་སྐོར་གྲུ་གཟིངས་ལ་བསྡད་ཅིང་། དེ་ནི་ཉམས་ལེན་ཚོར་སྣང་གིས་ཁེངས་པའི་དབྱིངས་ཞུགས་རྣམ་པའི་འགྲུལ་བཞུད་ཅིག་ཡིན་པ་ཤེས་སྐབས། ཝེ་ཐེ་ནམ་གྱི་གཞོན་ནུ་ཚོས་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུས་པ་རེད།

    “ལོ་100ལྷག་ཙམ་གྱི་གོང་དུ་ཏེང་ཞའོ་ཕིང་དང་ཀྲོའུ་ཨེན་ལའེ་སོགས་གྲུ་ཁ་དེ་ནས་ཐོན་ཏེ་ཧྥ་རན་སེར་ལས་སློབ་གཉིས་བརྩོན་གྱིས་རྒྱལ་ཁབ་དང་མི་དམངས་སྐྱོབ་པའི་བདེན་དོན་འཚོལ་ཞིབ་ལ་ཕེབས་པ་རེད”འགྲེལ་བཤད་པས་ཧོང་ཧྥུའུ་གཙང་པོའི་ངོགས་གཉིས་ཀྱི་གནས་རྟགས་ལ་བརྟེན་ནས་ཧྲང་ཧའེ་ཡི་ལོ་བརྒྱ་ལྷག་ཙམ་གྱི་འཕེལ་རྒྱས་ཀྱི་བརྒྱུད་རིམ་བརྗོད་ཅིང་། ཧྲང་ཧའེ་ཝེ་ཐན་སྐྲུན་དངོས་ཚོགས་འདུས་ཀྱི་ལོ་རྒྱུས་ནས་འགོ་བཙུགས་ཏེ་ཧྥུའུ་ཏུང་གསར་སྤེལ་སྒོ་འབྱེད་ཀྱི་ལོ་35རིང་གི་འབད་འཐབ་རྒྱང་ལམ་བར་དང་། ཝེ་ཐན་བྱང་མ་འཛུགས་སྐྲུན་གྱི་མ་འོངས་པའི་རྣམ་པའི་བར་བཤད་པ་རེད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་གསོན་ཉམས་ལྡན་པའི་ཀློག་དེབ་འཆད་འགྲེལ་བྱེད་པའི་ཁྲོད་ཝེ་ཐེ་ནམ་གྱི་གཞོན་ནུ་ཚོས་དེང་རབས་ཅན་འཛུགས་སྐྲུན་ཁྲོད་ཧྲང་ཧའེ་ཡི་དབྱར་མཚོ་རྒྱས་པའི་གསོན་ཤུགས་མྱོང་ཚོར་ཐུབ་ཡོད།

    ཧྲང་ཧའེ་སེམས་ཤུགས་གཅིག་སྒྲིལ་ལས་གྲྭའི་རྟེན་མཛོད་ཁང་དུ་ཧྲང་ཧའེ་ཡི་ཏང་ཡོན་ལས་བྱེད་པས་མང་ཚོགས་ལ་འབྲེལ་གཏུག་དམ་ཟབ་དང་ཞབས་འདེགས་ཞུ་བའི་དཔེ་མཚོན་ཟིན་ཐོར་བཀོད་ཡོད། ཝེ་ཐེ་ནམ་གྱི་གཞོན་ནུ་རོན་ཧོང་གཡོད་ཀྱིས“ཧྲང་ཧའེ་ཁྲོམ་གཞུང་གི་གཞི་རིམ་ལས་བྱེད་པས་རང་འགུལ་ངང་མི་སེར་ལ་གནད་དོན་ཐག་གཅོད་བྱེད་པ་ཤེས་རྟོགས་བྱུང་སྐབས། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་རྣམ་འགྱུར་དེ་ལས་སེམས་འགུལ་ཆེན་པོ་ཐེབས་བྱུང་། ང་ཚོས་དམངས་ཚོགས་ལ་བསམ་བློ་གཏོང་བ་དང་གནད་དོན་ཐག་གཅོད་ཧུར་ཐག་བྱེད་པའི་ལས་ཀའི་སྤྱོད་ཚུལ་དེ་རིགས་ལ་སློབ་སྦྱོང་བྱེད་དགོས”ཞེས་བརྗོད།

    རིག་གནས་ཀྱི་མཐུན་ཆ་ཟབ་ཏུ་དང་མཛའ་མཐུན་གྱི་འབྲེལ་ཐག་བརྟན་དུ་གཏོང་བ།

    ཧྲང་ཧའེ་གྲོང་ཁྱེར་གུང་གཞོན་སྡེ་ཚོགས་སློབ་གྲྭའི་དགེ་རྒན་གྱིས་གཞོན་ནུའི་ལས་དོན་སྐོར་གྱི་རིགས་པའི་གཞུང་ལུགས་དང་བསམ་བློ་གལ་ཆེན་འཆད་འགྲེལ་བྱེད་སྐབས་ཝེ་ཐེ་ནམ་གྱི་གཞོན་ནུ་ཚོས་ཟིན་བྲིས་ནན་ཏན་བརྒྱབ་ཅིང་། ཀྲུང་ཝེའི་གཞོན་ནུའི་དཔེ་ཀློག་མཉམ་སྤྱོད་ཚོགས་འདུའི་ཐོག《ཞི་ཅིན་ཕིང་དང་སློབ་གྲྭ་ཆེ་མོ་བའི་གྲོགས་པོ་ཚོ》ཞེས་པའི་དཔེ་དེབ་ནང་གི“དཀའ་བ་དང་དུ་ལེན་པ”དང“མི་ཚེའི་གོམ་པ་དང་པོ་ལེགས་པར་སྤོ”སོགས་ཀྱི་ནང་དོན་ལ་དམིགས་ཏེ་གྲོས་བསྡུར་བྱེད་སྐབས། ཧྲང་ཧའེ་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པ་སློབ་ཆེན་གྱི་སློབ་མ་སུའུ་ཀྲའོ་ཉིང་གིས་རྒྱལ་ཁབ་གཉིས་ཀྱི་གཞོན་ནུ་ཚོས་ཚན་རྩལ་གསར་གཏོད་དང་། རིག་གནས་སྤེལ་རེས། སྤྱི་ཚོགས་ཞབས་ཞུ་སོགས་ཀྱི་ཁྱབ་ཁོངས་སུ་ལག་གདང་སྦྲེལ་ནས་མདུན་སྐྱོད་བྱེད་པ་དང་། ཐུན་མོང་ཐོག“དཀའ་བ་དང་དུ་ལེན་པ”དང་ནུས་པར་སྦྱོང་བརྡར་སྤྲོད་པ། ཡང་དག་པའི་རིན་ཐང་གནས་ཚད་ཐུན་མོང་ཐོག་བརྟན་སྲུང་བཅས་བྱས་ནས་མི་ཚེའི་གོམ་པ་ཚང་མ་ཡག་པོ་སྤོ་དགོས་པའི་གྲོས་འགོ་བཏོན་པ་རེད། ཝེ་ཐེ་ནམ་གྱི་ཉིས་སྟོང་ལོའི་ནང་སྐྱེས་ཀྱི་གཞོན་ནུ་ཧུའུ་ཀྲི་མིང་གྲོང་ཁྱེར་སྨན་རྫས་སློབ་ཆེན་གྱི་སློབ་མ་ཏེང་ལི་མིང་ཁང་གིས“མི་སྒེར་གྱི་ཕུགས་བསམ་དེ་རྒྱལ་ཁབ་ཀྱི་འཕེལ་རྒྱས་དང་མཉམ་འདྲེས་བྱས་ནས་ཝེ་ཀྲུང་རྒྱལ་ཁབ་གཉིས་ཀྱི་ཐུན་མོང་དར་རྒྱས་ལ་ལང་ཚོའི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས”ཞེས་བཤད་པ་རེད།

    ཝེ་ཐེ་ནམ་ཧུའུ་ཀྲི་མིང་གྲོང་ཁྱེར་རྒྱལ་ཁབ་སློབ་ཆེན་རང་བྱུང་ཚན་རིག་སློབ་ཆེན་གྱི་འཆད་ཁྲིད་དགེ་རྒན་ཁྲེན་ཧྲི་རུའུ་ཧྭ་ཡིས་ཉོས་པའི་ལག་རྟགས་ནི་མིག་སྔར་སྐད་གྲགས་ཆེ་བའི་ཕའོ་ཕའོ་མ་ཐེའི་མཚར་སྒམ་རེད། “ཝེ་ཐེ་ནམ་དུ་ཀྲུང་གོའི་རིག་གནས་བསམ་བཀོད་ཐོན་རྫས་ལ་དགའ་བསུ་ཆེན་པོ་ཐོབ་ཀྱི་ཡོད། ང་རང་གིས་ཉམས་ལེན་ཐུབ་པའི་ཀྲུང་གོའི་ཡིད་དབང་འཕྲོག་ཤུགས་དག་ངའི་སློབ་མ་དང་ནང་མི་ཚོར་མཉམ་སྤྱོད་བྱེད་འདོད་ཡོད”ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།