དམངས་སྤྱོད་མཁའ་འགྲུལ་དང་ལྕགས་ལམ་སྡེ་ཚན་གྱིས་མཁའ་ལམ་དང་ལྕགས་ལམ་མཉམ་འབྲེལ་སྐྱེལ་འདྲེན་གྱི་མཉམ་ལས་ཡག་པོ་བྱས་པ།
གསར་འགོད་པར་ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་ཅུས་ནས་ཤེས་རྟོགས་བྱུང་བར། ཉིན་ཤས་གོང་ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་ཅུས་དང་རྒྱལ་ཁབ་ལྕགས་ལམ་ཚོགས་པས《“མཁའ་ལམ་དང་ལྕགས་ལམ་མཉམ་འབྲེལ་སྐྱེལ་འདྲེན”གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གཙོ་གནད་ལས་དོན་གྱི་ལས་འགན་གསལ་ཐོ(2025-2027)》བཀྲམ་ནས། དམངས་སྤྱོད་མཁའ་འགྲུལ་དང་ལྕགས་ལམ་གྱི་དངོས་སྒྲུབ་མཉམ་ལས་དང་མཉམ་འདྲེས་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་བཏང་ཡོད།
ལས་འགན་གྱི་གསལ་ཐོས་མཁའ་འགྲུལ་དང་ལྕགས་ལམ་མཉམ་འབྲེལ་སྐྱེལ་འདྲེན་གྱི་འབྲེལ་ཡོད་ཞབས་ཞུའི་ཚད་གཞི་དང་། ཆ་འཕྲིན་མཉམ་སྤྱོད། ལག་རྩལ་འདེགས་སྐྱོར་སོགས་ཀྱི་དཀའ་གནད་དང་འགག་གནད་ཐག་གཅོད་བྱེད་པར་དམིགས་ཏེ། ཕྱོགས་བདུན་ཐད་ཀྱི་ལས་འགན་ཁ་གསལ་བཟོས་པའི་ནང་། མཉམ་འདྲེས་གཞི་གཅིག་གི་མཁའ་ལམ་དང་ལྕགས་ལམ་མཉམ་འབྲེལ་སྐྱེལ་འདྲེན་གྱི་སྒྲིག་བཀོད་འཛུགས་སྐྲུན་དང་། ཕྱོགས་བསྡུས་ལམ་བརྗེ་ལྟེ་གནས་འཛུགས་སྐྲུན་ལ་ལྕག་སྐུལ་གཏོང་བ། མཁྲེགས་ཆས་སྒྲིག་བཀོད་སྦྲེལ་མཐུད་ཀྱི་རྨང་གཞི་བརྟན་དུ་གཏོང་བ། མཁའ་ལམ་དང་ལྕགས་ལམ་འབྲེལ་མཐུད་ནུས་ལྡན་དང་ནུས་ཕྱོད་ཆེ་བའི་ལམ་བརྗེར་སྐུལ་འདེད་གཏོང་བ་དང་། བརྒྱུད་རིམ་ཧྲིལ་པོའི་མཁའ་ལམ་དང་ལྕགས་ལམ་མཉམ་འབྲེལ་སྐྱེལ་འདྲེན་གྱི་ཐོན་རྫས་འཐུས་སྒོ་ཚང་དུ་གཏོང་བ། རྒྱལ་ནང་གི་དེ་བས་མང་བའི་མཁའ་འགྲུལ་ཀུང་སི་དང་12306ལས་སྟེགས་འཛུགས་སྐྱོང་གི་མཉམ་ལས་ལ་རྒྱབ་སྐྱོར་བྱེད་པ། རྒྱལ་ནང་གི་མཁའ་ལམ་དང་ལྕགས་ལམ་མཉམ་འབྲེལ་སྐྱེལ་འདྲེན་གྱི་ཁྱབ་རྒྱ་ཆེ་རུ་གཏོང་བ། མཁའ་འགྲུལ་ཀུང་སི་དང་ལྕགས་ལམ་སྡེ་ཚན་གྱིས་རྒྱལ་སྤྱིའི་རྒྱལ་མཚམས་འཛུལ་ནས་ཡུལ་སྐོར་གྱི་མཁའ་ལམ་དང་ལྕགས་ལམ་གྱི་མཉམ་འབྲེལ་སྐྱེལ་འདྲེན་གྱི་ཐོན་རྫས་མཉམ་དུ་གསར་སྤེལ་ལ་ལྕག་སྐུལ་བྱེད་པ། སྟབས་བདེ་ལ་བག་ཕེབས་ཀྱི་མཁའ་ལམ་དང་ལྕགས་ལམ་མཉམ་འབྲེལ་སྐྱེལ་འདྲེན་གྱི་ཞབས་ཞུ་མཁོ་འདོན་བྱེད་པ། ལམ་བརྗེའི་བདེ་འཇགས་ཞིབ་བཤེར་གྱི་སྟབས་བདེའི་རང་བཞིན་ཆེ་རུ་དང་། འཕྲལ་སྡོམ་མཐུན་སྦྱོར་ལ་ཤུགས་སྣོན། རྒྱུན་གཏན་མ་ཡིན་པའི་གནས་ཚུལ་འོག་གི་འགྲུལ་པའི་ཁེ་དབང་འགན་སྲུང་གི་ཆུ་ཚད་མཐོ་རུ་གཏོང་བ་སོགས་ལ་གཙོ་བོར་དམིགས་ནས་འགྲུལ་པའི་ཞབས་ཞུ་ལེགས་སུ་གཏོང་བ། མཁའ་ལམ་དང་ལྕགས་ལམ་གྱི་མཉམ་འབྲེལ་སྐྱེལ་འདྲེན་གྱི་ཆ་འཕྲིན་ཕན་ཚུན་སྦྲེལ་མཐུད་བྱེད་ཟབ་ཏུ་བཏང་ནས་འབྲེལ་མཐུད་ཀྱི་ལས་སྟེགས་འཛུགས་པ་བརྒྱུད། འབྲེལ་གཏུག་ལམ་སྲོལ་ལེགས་སུ་བཏང་ནས་འཁོར་རྒྱུག་དང་ཞབས་ཞུ་སོགས་ཀྱི་ཆ་འཕྲིན་མཉམ་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ། ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་ཅུས་དང་རྒྱལ་ཁབ་ལྕགས་ལམ་ཚོགས་པས་ལས་ཀའི་བྱ་ཐབས་ཞིབ་ཚགས་སུ་བཏང་ནས་ལྕགས་ལམ་དང་དམངས་སྤྱོད་མཁའ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་འཆར་འགོད་འཛུགས་སྐྲུན་སོགས“མཁྲེགས་ཆས་འབྲེལ་མཐུད”དང་སྐྱེལ་འདྲེན་ཞབས་ཞུའི་རྩ་འཛུགས་དང་། ཚད་གཞི། ཆ་འཕྲིན་སོགས“མཉེན་ཆས་འབྲེལ་མཐུད”ལ་སྐུལ་འདེད་མྱུར་པོ་གཏོང་རྒྱུ་ཡིན་པ་བཅས་ཚུད་ཡོད།
འབྲེལ་ཡོད་གསར་འགྱུར།