སྤོ་བོ་རྫོང་ཐང་ཆེན་གྱི་གློག་གསོག་ས་ཚིགས་སྤྱོད་འགོ་ཚུགས་པ།
ཉེ་ཆར། བསྡོམས་མ་དངུལ་སྒོར་ཁྲི་187བཏང་བའི་སྤོ་བོ་རྫོང་གི་ཀོང་ཀྲོའུ་དང་སྤོ་བོའི་ཐང་ཆེན་གྱི་གློག་གསོག་ས་ཚིགས་དངོས་སུ་སྤྱོད་འགོ་ཚུགས་ཤིང་། དེས་ནུས་རྒྱུ་གསར་པའི་རླངས་འཁོར་གཏོང་མཁན་ལ་སྟབས་བདེ་བསྐྲུན་པ་མ་ཟད། སྤོ་བོ་རྫོང་གིས་ལྗང་མདོག་དང་ཐཱན་ཉུང་འཕེལ་རྒྱས་ཀྱི་འདུ་ཤེས་ལག་ལེན་ཧུར་ཐག་བསྟར་བའི་བྱེད་ཐབས་དངོས་སུའང་གྱུར་ཡོད།
རྣམ་གྲངས་དེར་གློག་གསོག་རླངས་འཁོར་འཇོག་ས་10ཡོད་པ་དང་། སྤོ་བོ་རྫོང་ཨུད་རྩ་འཛུགས་པུའུ་ཡིས་མ་དངུལ་སྤྱི་འདོམས་བྱས་ནས་རྣམ་གྲངས་འཛུགས་སྐྱོང་ལ་སྐུལ་འདེད་བཏང་བ་དང་སྤོ་བོ་རྫོང་གྲོང་ཁྱེར་མ་འཇོག་ཀུང་སིས་དུས་འགོའི་འཛུགས་སྐྲུན་དང་དུས་མཇུག་གི་དོ་དམ་གྱི་འགན་འཁུར་ཡོད། གློག་གསོག་ས་ཚིགས་ཀྱིས་ལོ་ལྟར་ལས་གཉེར་ཁེ་སྤོགས་ཀྱི་70%བཏོན་ནས་སྤོ་བོ་རྫོང་གསུམ་འཛོམས་གྲོང་རྡལ་དང་། ཁང་ཡུལ་ཤང་། རྡོ་རྗེ་ཤང་བཅས་ལ་བགོ་བཤའ་བརྒྱབ་པ་མ་ཟད། ཁེ་སྤོགས་བགོ་བཤའི་མ་དངུལ་དེ་ཤང་དང་གྲོང་རྡལ་གསུམ་གྱི་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་གཏོང་བར་སྤྱད་དེ་དཔལ་འབྱོར་གྱི་ཕན་འབྲས་དང་སྤྱི་ཚོགས་ཀྱི་ཕན་འབྲས་གཉིས་ཀ་འཕར་ཐུབ་པ་བྱས་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། སྤོ་བོ་རྫོང་གིས་གློག་གསོག་ས་ཚིགས་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ། མིག་སྔའི་བར་གློག་སྡོང་86དང་གློག་གསོག་བསྒར་སྣེ་81བསྐྲུན་ནས་སྤྱོད་འགོ་ཚུགས་པ་མ་ཟད། མང་ཆེ་བ་120KWཡི་ཐད་རྒྱུག་བསྒར་སྣེ་གཉིས་ཀྱི་གློག་མགྱོགས་མྱུར་གསོག་པའི་གློག་སྡོང་ཡིན་ཞིང་། རྫོང་ཁོངས་ཀྱི་གཙོ་གནད་ཨར་ཁང་དང་མི་སྣ་འདུ་འཛོམས་ཆེ་སར་གློག་སྡོང་ཡོངས་སུ་ཁྱབ་ཐུབ་པ་བྱུང་ཡོད།
འབྲེལ་ཡོད་གསར་འགྱུར།