ཆུ་གསུམ་རྫོང་གིས།
ཚོང་འགུགས་མ་འདྲེན་དང་ཚོང་གཉེར་ཁོར་ཡུག་སྐྲུན་པར་རྒྱུན་མཐུད་ཤུགས་སྣོན་བརྒྱབ་པ།
ཉེ་བའི་ལོ་ཤས་རིང་། ཆུ་གསུམ་རྫོང་གིས་ཚོང་འགུཌ་མ་འདྲེན་དང་ལྗང་མདོག་ནུས་པའི་འདེད་སྐུལ་དང་། ཞབས་འདེགས་ཀྱིས་གཡས་གཞོགས་གཡོན་འདེགས་བྱེད་པ་སྒུལ་ཤུགས་སུ་བྱས་ཏེ། སྲོལ་རྒྱུན་གྱི་ཐོན་ལས་རིམ་སྤོར་དང་ལྗང་མདོག་ནུས་རྒྱུ་དར་འཕེལ་ལ་སྐུལ་འདེད་བཏང་ནས། “ཁྱད་ལྡན་ཞིང་འབྲོག་ལས་དང་ལྗང་མདོག་བཟོ་ལས་ལྟེ་བའི་ཁུལ་ནུས་ཤུགས་ཡོད་རྒུས་སྐྲུན་པ”དམིགས་ཚད་དུ་བྱས་ཏེ་ཚོང་འགུགས་མ་འདྲེན་དང་ཚོང་གཉེར་ཁོར་ཡུག་སྐྲུན་པའི་ལས་དོན་མུ་མཐུད་ཧུར་ཐག་སྤེལ་ཡོད།
ཕ་ཡུལ་ལ་བཅངས་པའི་བརྩེ་བ་འབྲེལ་ཐག་ཏུ་བྱེད་པ་དང་སྲིད་ཇུས་སྣེ་ཁྲིད་དུ་བྱས་ནས་ཆུ་གསུམ་རྫོང་གིས་ཕྱི་ཕྱོགས་སུ་ཡོད་པའི་ཁེ་ལས་མཁས་ཅན་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱེད་པའི་ཡིད་དབང་བཀུགས་ཡོད། སྤོས་ཀུང་སིའི་ཏུང་ཧྲི་ཀྲང་འཆི་མེད་ཚེ་རིང་གིས་ཕ་ཡུལ་དུ་ལོག་ནས་གྲོང་མིའི་སྣེ་ཁྲིད་དེ་སྤོས་མཉམ་ལས་ཁང་བཙུགས་ཤིང་། སྲིད་གཞུང་གི་རོགས་སྐྱོར་འོག་ད་ཆ་དེང་རབས་ཁེ་ལས་ལ་གྱུར་ཡོད། ད་ཆ་ཀུང་སི་དེའི་སྤོས་ཀྱི་ཐོན་རྫས་སྣ་ཁ་20ལྷག་ཙམ་རྒྱལ་ཡོངས་དང་ཐ་ན་ནེ་པ་ལར་བྲིན་ཁ་རྒྱུག་པོ་ཡོད་པ་དང་། ན་ནིང་གི་ཐོན་རྫས་རིན་ཐང་སྒོར་ཁྲི་700ལྷག་ཙམ་ཟིན་ནས་མི་16ལས་ཞུགས་ཐུབ་པར་སྐུལ་ཁྲིད་དང་སློབ་གྲྭ་ཆེ་མོ་བ་3ལས་ཞུགས་བརྟན་པོ་ཐུབ་ཡོད། གྲོང་ཚོ་དེ་རང་གི་བོད་ལུགས་གསོ་རིག་གི་སྨན་རྒྱུའི་ཁེ་ལས་མཛངས་མི་ཀུང་སིས་ཀྱང་སྲིད་གཞུང་གིས་བཏང་བའི་མ་དངུལ་སྒོར་ཁྲི་410ཡི་རོགས་སྐྱོར་འོག ས་མཐོའི་སྨན་རྩྭ་རིགས་16བཏབ་པ་མ་ཟད། ཐོན་ལས་འཁོར་འབྲེལ་སྣུར་སྲིང་བྱས་པས། ན་ནིང་གི་ཐོན་རྫས་རིན་ཐང་སྒོར་ཁྲི་620ཟིན་ཡོད། ཁེ་ལས་གཉིས་སུ“འདེབས་འཛུགས་དང་། ལས་སྣོན། བྲིན་ཚོང”བཅས་ཀྱི་མ་ལག་གྲུབ་ནས་ཁེ་ལས་འཕེལ་རྒྱས་དང་གྲོང་མིར་འབབ་འཕར་བྱུང་ཡོད།
ཕུན་སུམ་ཚོགས་པའི་ཉི་ནུས་ཐོན་ཁུངས་ལ་གཞི་ཚུགས་ནས་ཆུ་གསུམ་རྫོང་གིས་ནུས་རྒྱུ་གཙང་མའི་ཐོན་ལས་འཕེལ་རྒྱས་ཚད་བརྒལ་སར་བྱས་ཡོད། 2023ལོར་ཁྱད་ལྡན་གྱི་ཚོང་འགུགས་སྲིད་ཇུས་ལ་བརྟེན་ནས་ཧྭ་གློག་ཚོགས་པ་ཞུགས་རྒྱུའི་ཡིད་དབང་བཀུག་སྟེ། གོང་སྟོད་ཧྭ་གློག་འོད་གསོག་གློག་ཁང་གི་རྣམ་གྲངས་འཛུགས་པ་ནས་གློག་གཏོང་བའི་བར་ལོ་གཅིག་ལས་འགོར་མེད་པ་རེད། རྣམ་གྲངས་དེའི་ལོ་རེའི་ཆ་སྙོམས་བེད་སྤྱོད་ཆུ་ཚོད་1900ཟིན་པ་དང་། སྔོན་དཔག་ལྟར་ན་ལོ་རེའི་ཆ་སྙོམས་གློག་གཏོང་ཚད་ཆན་ཝ་ཆུ་ཚོད་དུང་ཕྱུར་3.6ཟིན་རྒྱུ་རེད། རྣམ་གྲངས་དོན་འཁྱོལ་བྱེད་རིང་། ཆུ་གསུམ་རྫོང་གིས“ཐོགས་མེད་བགྲོད་ལམ”ཤར་གཏོང་བྱས་ནས་ལས་དོན་སྣ་ཚོགས་སྒྲུབ་གཉེར་བྱེད་རོགས་བྱས་ཏེ་རྣམ་གྲངས་ལས་ཕྱོད་ཆེན་པོས་སྐུལ་འདེད་གཏོང་བའི་འགན་ལེན་བྱས་ཡོད། མིག་སྔར་རྣམ་གྲངས་དེས་ས་གནས་དེ་གའི་མི་ཐེངས་1000ལྷག་ཙམ་ལས་ཞུགས་བྱེད་པར་སྐུལ་ཁྲིད་བྱས་པ་དང་། གྲོང་མིར་འབབ་འཕར་སྒོར་ཁྲི་320ལྷག་ཙམ་བྱུང་ཡོད།
ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ་ནི་ཆུ་གསུམ་རྫོང་གི་དཔལ་འབྱོར་དང་འཕེལ་རྒྱས་ཀྱི་འགག་རྩ་རེད། རྫོང་དེས“གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་ཟབ་ཏུ་བཏང་སྟེ་སྔོན་ནས་ཞུགས་པ་དང་མཉམ་དུ་ཞིབ་བཤེར་མཆན་འགོད་བྱེད་པ་སོགས་ཀྱི་བྱེད་ཐབས་བཏོན་པ་མ་ཟད། རྣམ་གྲངས་ཀྱི“ཚེ་སྲོག་གི་དུས་འཁོར་ཧྲིལ་པོའི”སྲུང་སྐྱོང་ལམ་སྲོལ་ཡང་བཙུགས་ཡོད། 2024ལོར་སྐྱ་བ་འོད་ཤུགས་མཐུད་སྐྲུན་སོགས་ཀྱི་གཙོ་གནད་རྣམ་གྲངས་ཁག་གཅིག་སྔ་རྗེས་སུ་ལག་བསྟར་བྱས་པར་ཁྱོན་མ་དངུལ་སྒོར་དུང་ཕྱུར་2.9ལྷག་ཙམ་བཏང་ཡོད།
འབྲེལ་ཡོད་གསར་འགྱུར།