ཆབ་མདོ་གྲོང་ཁྱེར་ལྷོ་རོང་རྫོང་གིས།
ཏང་འཛུགས་སྐྱོང་ལ་བརྟེན་ནས་མཐའ་མཚམས་བཅོས་སྐྱོང་བྱས་པ།
མཐའ་མཚམས་བཅོས་སྐྱོང་བྱེད་རིང་འགན་འཁྲི་གསལ་པོ་མེད་པ་དང་། འབྲེལ་གཏུག་ཡག་པོ་མེད་པ། ཐོན་ཁུངས་ཁ་ཐོར་བ་སོགས་ཀྱི་དཀའ་གནད་ལ་དམིགས་ཏེ། ཆབ་མདོ་གྲོང་ཁྱེར་ལྷོ་རོང་རྫོང་གིས་ཉེ་བའི་ལོ་ཤས་རིང་དབྱར་རྩྭ་འགུན་འབུ་སྔོག་འཐུ་དང་། སྤྱི་པའི་ཞབས་ཞུ། རྨང་གཞིའི་སྒྲིག་བཀོད། ཁོར་ཡུག་བཅོས་སྐྱོང་སོགས་ཀྱི་དཀའ་གནད་གལ་ཆེན་གྱི་གནད་དོན་34ཐག་གཅོད་བྱས་པ་རེད།
ལྷོ་རོང་རྫོང་གིས་སྲིད་འཛིན་ས་ཁོངས་དབྱེ་བའི་ཚོད་འཛིན་རང་འགུལ་ངང་མེད་པར་བཟོས་ནས་མཐུན་སྦྱོར་བཅོས་སྐྱོང་གི་རྨང་གཞི་བརྟན་དུ་བཏང་ཞིང་། “མཐའ་བརྟན་མཉམ་སྐྲུན”ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་བ་བརྒྱུད། མཐའ་མཚམས་མཉམ་འབྲེལ་ཏང་རྩ་འཛུགས་7དང་མཉམ་འབྲེལ་ཏང་ཨུད་1མཉམ་དུ་བཙུགས་པ་དང་། ཏང་ཡོན་འཕྲལ་སྒྲུབ་རུ་ཁག་16བཙུགས་པ། 《མཐའ་མཚམས་ཏང་འཛུགས་མཉམ་སྐྲུན་གྱི་གྲོས་མཐུན་ཡི་གེ》11ལ་མིང་རྟགས་བཀོད་ཡོད། ས་ཁོངས་ལས་བརྒལ་བའི་ལས་བྱེད་པ་སྒྲིག་འཛུགས་བྱས་ནས་ལྟ་སྦྱོང་སློབ་སྦྱོང་ཐེངས་30ལྷག་ཙམ་བྱས་པ་དང་། རིགས་ཁག་གི་བཞུགས་མོལ་ཚོགས་འདུ་དང་ཏང་འཛུགས་སྐྱོང་གི་མཉམ་འབྲེལ་ཚོགས་འདུ་སོགས་ཐེངས་80ལྷག་ཙམ་འཚོགས་པ། མཐའ་མཚམས་གྲོང་ཚོའི(སྡེ་ཁུལ)སློབ་སྦྱོང་སྤེལ་རེས་དང་མང་ཚོགས་མཐུན་འབྲེལ་སོགས་ཀྱི་བྱེད་སྒོ་ཐེངས་70ལྷག་ཙམ་སྤེལ་བ་མ་ཟད། ཕྱོགས་མང་པོའི་ཐུན་མོང་ངོས་འཛིན་གཅིག་སྡུད་བྱས་པས་འདྲ་མཉམ་མཉམ་གྲོས་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་ཡོད།
མཉམ་འགུལ་འཕེལ་རྒྱས་གཏོང་བའི་ཐད། ལྷོ་རོང་རྫོང་གིས་ས་ཁོངས་དཔལ་འབྱོར་ཆགས་ཚུལ་དང་མཉམ་འདྲེས་བྱས་ཏེ“ཐོན་ཁུངས་ཕན་ཚུན་སྦྲེལ་མཐུད་དང་། ཆ་སྒྲིག་རོགས་རེས། ལེགས་ཆ་གསབ་རེས”བཅས་ཀྱི་བྱེད་ཐབས་ཁྱབ་གདལ་བཏང་ཡོད། ཁྱིམ་མཚེས་ས་ཁུལ་གྱི་ཁྱད་ཆོས་ལ་གཞི་ཚུགས་ནས“ཐོན་ལས་མཉམ་དུ་དར་རྒྱས་དང་། ཤེས་ལྡན་པ་མཉམ་དུ་གསོ་སྐྱོང་། འགྲིམ་འགྲུལ་མཉམ་དུ་ཤར་གཏོང”བཅས་ཀྱི“མཉམ་དུ་གསུམ་དང་མཉམ་འབྲེལ་གསུམ”གྱི་ལས་སྟེགས་བསྐྲུན་པ་དང་། མཉམ་གཏོད་མཉམ་རོགས་ཀྱི་ཞབས་ཞུ་རུ་ཁག་8བཙུགས་ནས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་མཐུན་སྦྱོར་སྐུལ་འདེད་བཏང་ཡོད། དེང་རབས་ཞིང་ལས་དང་། སྒོ་ཕྱུགས་དང་ཁྱིམ་བྱ་གསོ་ཚགས། ལས་ཞུགས་རྩལ་ནུས་སོགས་ཀྱི་གསོ་སྦྱོང་ཐེངས་60ལྷག་ཙམ་མཉམ་འབྲེལ་ཐོག་བྱས་པས་མང་ཚོགས་ཀྱི་ཕྱུག་འགྱུར་འཇོན་ཐང་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད། ལྷོ་རོང་ཁམ་བུའི་མེ་ཏོག་ཡུལ་སྐོར་དུས་ཆེན་གྱི་འགོ་ཚུགས་མཛད་སྒོར“སྤུན་ཟླའི་རྫོང་དང་ཆུས”ཀྱི་ལས་བྱེད་པ་དང་མང་ཚོགས་མི་ཐེངས་400ལྷག་ཙམ་ཞུགས་ནས་བརྩེ་བ་ཟབ་ཏུ་དང་གསོན་ཤུགས་འཕེལ་བར་བྱས་ཡོད། དེ་དང་ཆབས་ཅིག ཁྱབ་ཁོངས་མང་པོའི་མཉམ་ལས་ཟབ་ཏུ་བཏང་བ་དང་། མཉམ་འབྲེལ་ཐོག་ཞིང་ལས་ལག་རྩལ་གསོ་སྦྱོང་བྱེད་སྒོ་ཐེངས་40ལྷག་ཙམ་སྤེལ་བ་དེས་མི་ཐེངས་2100ལྷག་ཙམ་ལ་ཕན་པ་ཐོབ་ཡོད། ལག་རྩལ་རོགས་སྐྱོར་ཞབས་ཞུའི་རུ་ཁག་བཙུགས་ནས་སྔོན་ཐོན་ཉམས་མྱོང་ཁག་126སློབ་སྦྱོང་བྱས་པ་དང་། ཤེས་ལྡན་པའི་ལག་རྩལ་སྤེལ་རེས་ཐེངས་18བྱས་པ། བོད་སྐྱོར་གྱི་ཉམས་མྱོང་སྤེལ་རེས་ཚོགས་འདུ་ཐེངས་7འཚོགས་པ་བཅས་ལས་གཉིས་ཕན་འཕེལ་རྒྱས་ཀྱི་རྣམ་པ་རགས་ཙམ་མངོན་ཡོད།
བདེ་འཇགས་དང་བརྟན་ལྷིང་ནི་མཐའ་མཚམས་བཅོས་སྐྱོང་གི་རྨང་རྡོ་ལྟ་བུ་ཡིན། ལྷོ་རོང་རྫོང་གིས་འགོག་སྲུང་འཛིང་རགས་བསྐྲུན་ནས་བརྟན་དུ་བཏང་བ་དང་། ཁོར་ཡུག་བཅོས་སྐྱོང་དང་། འགྲོ་ལམ་བདག་སྐྱོང་། ཉེན་ཆེའི་ཆུ་ཡུར་ལ་སྐོར་ཞིབ་སོགས་ཏང་ཡོན་གྱི་ཞབས་ཞུའི་བྱེད་སྒོ་ཐེངས་80ལྷག་ཙམ་མཉམ་འབྲེལ་ཐོག་སྤེལ་བ། མཐའ་མཚམས་བརྟན་ལྷིང་སྲུང་སྐྱོང་གི་མཉམ་འབྲེལ་ཚོགས་འདུ་ཐེངས་6འཚོགས་པ། མཉམ་འབྲེལ་ལྟ་སྐུལ་ཞིབ་བཤེར་ཐེངས་3བྱས་པ། “སོ་སོའི་དོན་དག་སོ་སོས་ཐག་གཅོད་པ”ནས“མཉམ་ཤུགས་གཅིག་སྒྲིལ་གྱིས་དུས་བདེ་སྲུང་བའི”བར་བསྒྱུར་བ། མཐའ་མཚམས་ཀྱི་འགལ་བ་དང་རྩོད་གཞི་40ལྷག་ཙམ་འདུམ་འགྲིག་འོས་འཚམ་བྱས་ཡོད། འཕྲལ་སྡོམ་དང་ཐོལ་བྱུང་དོན་རྐྱེན་ཐག་གཅོད་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་བ་དང་། མཐའ་མཚམས་གྲོང་ཚོས(སྡེ་ཁུལ)《ཞི་མཐུན་མཐའ་མཚམས་མཉམ་ལས་བཅོས་སྐྱོང་གི་གྲོས་མཐུན་ཡི་གེ》ལ་མིང་རྟགས་བཀོད་པ། ཏང་ཡོན་འཕྲལ་སྒྲུབ་རུ་ཁག་8ཀྱིས་མཚན་མོར་བདེ་འཇགས་སྐོར་གཡེང་ཐེངས་110ལྷག་ཙམ་དང་། དུག་འགོག་དང་ཁ་བསླུས་ལ་ངོ་རྒོལ་བྱེད་པའི་དྲིལ་བསྒྲགས་ཐེངས་53 འཕྲལ་སྡོམ་ནང་སྦྱོང་ཐེངས་5བཅས་བྱས་པ་མ་ཟད། ཉེན་སེལ་གུད་སྐྱོབ་ཐེངས་3བྱེད་རིང་མང་ཚོགས་ཀྱི་བདེ་འཇགས་སྲུང་སྐྱོང་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།