“ལས་བྱེད་པ་སྟོང་དུད་ཚང་སྟོང་ལ་སྐྱོད་པའི”བྱེད་སྒོ་སྤེལ་ནས་དམངས་ཀྱི་སེམས་ཁྲལ་སེལ་བ་དང་དམངས་ལ་དྲོ་སྐྱིད་སྦྱིན་པ།
—— ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་ཀྱིས་གཞི་རིམ་ཏང་འཛུགས་སྐྱོང་ལ་བརྟེན་ནས་གཞི་རིམ་བཅོས་སྐྱོང་ལ་ཁྲིད་སྟོན་བྱེད་པའི་ལས་དོན་གཏིང་ཟབ་སྤེལ་བ།
འདི་ནི་གསེར་རྙེད་ཆུས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་སྐྱེ་ཁམས་སླར་གསོའི་ལས་དོན་ལ་ཞུགས་བཞིན་པ།
ཉིན་ཤས་གོང་། ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་ལྷོ་ངོས་ཁུལ་ཆུང་གི་དུད་ཚང་423ལ་ཆུ་ཀ་ལ་ཁྲིད་ནས་ཡུལ་མི་ཚོའི་ཆུ་སྤྱོད་དཀའ་ངལ་ཐག་གཅོད་ཐུབ་པས། ཁུལ་ཆུང་དེའི་ཡུལ་མི་འཆི་མེད་ལྷ་རྒྱལ་གྱིས་དགའ་སྤྲོའི་ངང་གནད་དོན་ཐག་གཅོད་བྱེད་མཁན་ཏང་ཡོན་ལས་བྱེད་པར་ཐུགས་རྗེ་ཆེ་ཞུས་པ་རེད།
ད་ལོའི་ཟླ་བ་བཞི་པར་ཁུལ་ཆུང་དེའི་ཡུལ་མིས་གསེར་རྙེད་ཆུས་ཀྱི“ལས་བྱེད་པ་སྟོང་དུད་ཚང་སྟོང་ལ་སྐྱོད་པའི”བྱེད་སྒོར་ཞུགས་མཁན་ཏང་ཡོན་ལས་བྱེད་པར་ཁུལ་ཆུང་དུ་ཆུ་ཀ་ལ་མེད་པས་རྒྱུན་གཏན་གྱི་འཚོ་བའི་ཐད་སྟབས་བདེ་པོ་མི་འདུག་ཅེས་ཞུས། ལན་འབྱོར་རྗེས་དར་དམར་ཁྲོམ་གཞུང་དང་ན་ཆེན་ཐང་སྡེ་ཁུལ་གྱིས་མྱུར་དུ་ནག་ཆུ་གྲོང་རྡལ་དང་མཉམ་དུ་ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་བྱས་ནས་ཁུལ་ཆུང་གི་ཆུ་སྤྱོད་གནད་དོན་ལ་ཆེད་དོན་བརྟག་ཞིབ་ཐེངས་མང་བྱས་ཏེ་གནད་འགག་བཙལ་བ་མ་ཟད། གོང་རིམ་ལ་དམངས་འཚོའི་རྣམ་གྲངས་བཀོད་སྒྲིག་བྱ་རྒྱུའི་རེ་ཞུ་བྱས་ནས་ཁུལ་ཆུང་ནང་ཁུལ་གྱི་ཆུ་མཁོ་འདོན་གནད་དོན་ཐག་གཅོད་བྱས་པ་རེད།
དེ་ནི་ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་ཨུད་ཀྱིས་གཞི་རིམ་ཏང་འཛུགས་སྐྱོང་ལ་དམ་འཛིན་བྱས་ནས་གཞི་རིམ་བཅོས་སྐྱོང་ལས་དོན་ལ་ཁྲིད་སྟོན་བྱེད་པའི་དཔེ་མཚོན་གསོན་པོ་ཞིག་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོ་ཚུན་དུ་གསེར་རྙེད་ཆུས་ཀྱིས“ལས་བྱེད་པ་སྟོང་དུད་ཚང་སྟོང་ལ་སྐྱོད་པའི”བྱེད་སྒོ་ཤུགས་ཆེན་སྤེལ་ནས། ཏང་ཡོན་ལས་བྱེད་པ་ཡོངས་ཀྱི་གདོང་ལེན་དཔེ་བཟང་གི་ནུས་པ་དང་ཏང་ཡོན་ལྟེ་བའི་དུད་ཚང་གི་འབྲེལ་ཟམ་དང་འབྲེལ་ཐག་གི་ནུས་པ་ཤུགས་ཆེན་བཏོན་ཐོག ཏང་ཡོན་ལས་བྱེད་པ་གཞི་རིམ་དུ་གཏིང་ཟབ་བསྐྱོད་པར་སྐུལ་འདེད་བཏང་ནས་མང་ཚོགས་ལ་འབྲེལ་གཏུག་དང་ཞབས་འདེགས་ཞུ་བའི“མཐའ་མའི་འགག་གནད”སེལ་ཡོད།
བྱེད་སྒོ་སྤེལ་རིང་། གསེར་རྙེད་ཆུས་ཀྱི་ལས་ཁུངས་ལས་བྱེད་པ་དང་ཏང་ཡོན་ལྟེ་བའི་དུད་ཚང་དབར་མཉམ་ལས་དམ་ཟབ་བྱེད་པ་དང་གསེར་རྙེད་ཆུས་ཀྱི“ལོ་ངོ་དྲུག་ཅུར་དར་རྒྱས་ཆེ། མཉམ་དུ་འཕེལ་རྒྱས་ཇུས་ཆེན་གླེང་། ལོ་ངོ་དྲུག་ཅུ་མཉམ་དུ་འགྲོགས། རྒྱང་ལམ་གསར་པར་སླར་ཡང་བསྐྱོད”ཅེས་པའི་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུ་བའི་བརྗོད་དོན་གཙོ་བོ་དང་ཟུང་འབྲེལ་གྱིས། གཞི་རིམ་གྱི་འཐབ་ས་དང་པོར་བསྐྱོད་ནས་མང་ཚོགས་དང་ངོ་ཐུག་གདོང་འཕྲད་དང་སྙིང་ཉེ་བའི་ངང་སྤེལ་རེས་བྱས་ཏེ། མང་ཚོགས་ལ་སེམས་ཁྲལ་དང་དཀའ་ངལ་ཏན་ཏིག་སེལ་རོགས་བྱས་ནས་རྟེན་འབྲེལ་ཆེ་མོ་བསུ་བའི་རྣམ་པ་ཟབ་མོ་བཏོད་ཡོད།
ཁོང་ཚོས་དམངས་ཀྱི་གནས་ཚུལ་མཐིལ་རྟོགས་གྲལ་བཤེར་གཏིང་ཟབ་བྱས་ཏེ། ཁྱིམ་ཚང་མི་རེ་ངོ་རེའི་གཞི་རྩའི་ཆ་འཕྲིན་དང་། དཔལ་འབྱོར་གྱི་ཡོང་ཁུངས། ཡོང་འབབ་ཆུ་ཚད། སྡོད་གནས་ཆ་རྐྱེན་སོགས་ཀྱི་གནས་ཚུལ་ཐོ་འགོད་ཞིབ་ཕྲ་བྱས་ཐོག། དཀའ་ངལ་ཡོད་པའི་ཁྱིམ་ཚང་དང་དམིགས་བསལ་ཚོགས་སྤྱིར་དམིགས་བསལ་དོ་ཁུར་བྱས་ནས། ཆ་ཚང་ཞིང་གནད་ལ་འཁེལ་བའི“དམངས་ཀྱི་གནས་ཚུལ་བཀོད་པའི་ཡིག་ཚགས”བཟོས་པ་རེད། མིག་སྔའི་བར། གསེར་རྙེད་ཆུས་ཀྱི་ལས་ཁུངས་ཀྲི་པུའུ་51གི་ཏང་ཡོན་ལས་བྱེད་པས་དུད་ཚང་707ལ་འཚམས་འདྲི་བྱས་ནས་མང་ཚོགས་ཀྱི་འཚོ་བའི་གནས་ཚུལ་ཤེས་རྟོགས་དང་། ཡུལ་བབ་དམངས་འདུན་འཚོལ་བསྡུ། སྲིད་ཇུས་དྲིལ་བསྒྲགས། སེམས་ཁུར་གཅེས་སྐྱོང་སོགས་ཀྱི་ལས་དོན་ཐེངས་800ལྷག་ཙམ་སྤེལ་བ་རེད།
ཁྲོམ་གཞུང་དང་སྡེ་ཁུལ་གྱི་ཏང་རྩ་འཛུགས་ཀྱི་སྣེ་ཁྲིད་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་ཆེད། གསེར་རྙེད་ཆུས་ཀྱིས་ཁྲོམ་གཞུང་ཁག་གི་ཁོངས་གཏོགས་ཁུལ་དུ“མཉམ་འབྲེལ་ཚོགས་འདུ་དང་། ལས་འགན་གཅིག་ལྕོགས་ཨུ་ཡོན། དང་བླངས་ཞབས་ཞུ་བཅས་ཟུང་དུ་འབྲེལ་བའི”རྣམ་པ་འཚོལ་ཞིབ་ཀྱིས་བཙུགས་ཏེ། ཁྲོམ་གཞུང་དང་སྡེ་ཁུལ་གྱི་དགོས་མཁོ་དང་ཞན་ཆ་ཤེས་རྟོགས་བྱས་པ་དང་། འབྱུང་རྩ་ནས་དམ་འཛིན་གྱིས་རྩ་འཛུགས་མཉམ་སྐྲུན་དང་། ཏང་ཡོན་མཉམ་འདོམས། བྱེད་སྒོ་མཉམ་འཛིན། ཐོན་ཁུངས་མཉམ་སྤྱོད། ཞབས་ཞུ་མཉམ་སྒྲུབ་བཅས་བྱས་ཏེ། “འགན་འཁྲི་སྒྲུབ་ཚུལ་སྙན་ཞུ་གཉིས”དང“ཞིབ་དཔྱད་གཉིས”སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་ཁྲོམ་གཞུང་གི་སྒྲིག་འཛུགས་ནུས་པ་དང་འབོད་སྐུལ་ནུས་པ་ཆེ་རུ་བཏང་ཡོད། 2025ལོ་ནས་བཟུང་། ཁྲོམ་གཞུང་གིས་རིམ་རྩིས་བརྒྱབ་ན་ལས་དོན་ཨུ་ལྷན་ཆེན་པོའི་མཉམ་འབྲེལ་ཚོགས་འདུ་ཐེངས་5འཚོགས་ཏེ་གནད་དོན་ཁག་50ལྷག་ཙམ་ལ་གྲོས་བསྡུར་དང་ཐག་གཅོད་བྱས་པ་དང་། སྡེ་ཁུལ་གྱིས་ཏང་ཨུད་ཆེན་པོའི་མཉམ་འབྲེལ་ཚོགས་འདུ་ཐེངས་18ལ་མཛུབ་ཁྲིད་དང་ལྕག་སྐུལ་བྱས་ནས་གནད་དོན་ཁག་100ལྷག་ཙམ་ལ་གྲོས་བསྡུར་དང་ཐག་གཅོད་བྱས་པ་རེད།
ནག་ཆུ་གྲོང་ཁྱེར་གྱི“སྐྱེ་ཁམས་བློ་རིག་གྲོང་ཁྱེར་རྩེ་གྲ”གཏོད་པའི་དམིགས་ཚད་ལས་འགན་དང་ཟུང་འབྲེལ་བྱས་ཏེ། གསེར་རྙེད་ཆུས་ཀྱིས་ཏང་འཛུགས་སྐྱོང་ལ་བརྟེན་ནས་སྐྱེ་ཁམས་ལ་སྐུལ་འདེད་གཏོང་རྒྱུ་གཞི་འཛིན་སར་བྱས་ཏེ། ཏང་རྩ་འཛུགས་དང་ཏང་ཡོན་ལ་བྱ་སྤྱོད་སྤེལ་དུ་བཅུག་ནས་གྲོང་ཁུལ་གྱི་ཁོར་ཡུག་ལེགས་སུ་གཏོང་བར་རོགས་རམ་བྱས་པ་རེད། རྫོང་རིམ་པའི་ལས་བྱེད་པ་མང་པོ་ཞིག་སྡེ་ཁུལ་དུ་བསྐྱོད་ནས་ལས་ཀར་མཛུབ་ཁྲིད་བྱས་ཏེ། རང་དཔེ་གཞན་སྟོན་དང་གཏམ་བཤད་ཀྱིས་བྱ་སྤྱོད་ལ་ཁྲིད་སྟོན་བྱེད་པ་དང་། གནད་དོན་ཤེས་རྟོགས་དང་ཐག་གཅོད་བྱས་ནས“འགག་རྩའི་ཉུང་ཤས”ཀྱིས“མང་ཆེ་བར”སྐུལ་ཁྲིད་ཏན་ཏིག་བྱས་པར། མིག་སྔའི་བར་ཁྱོན་གཤམ་སྐྱོད་ཐེངས་10ལྷག་ཙམ་བྱས་ཏེ་གནད་དོན་ཁག་40ལྷག་ཙམ་ཐག་གཅོད་བྱས་ཡོད།
“ལས་བྱེད་པ་སྟོང་དུད་ཚང་སྟོང་ལ་སྐྱོད་པའི”བྱེད་སྒོ་སྤེལ་བ་ལས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་ཏང་ཡོན་ལྟེ་བའི་དུད་ཚང་གི་འགན་འཁྲིའི་འདུ་ཤེས་དང་ཞབས་ཞུའི་འདུ་ཤེས་ཟབ་ཏུ་ཕྱིན་ཡོད།
འབྲེལ་ཡོད་གསར་འགྱུར།