རང་སྐྱོང་ལྗོངས་ཀྱི་རྒན་ཡོལ་ཞུས་པའི་ལས་བྱེད་པའི་ལུས་རྩལ་འགྲན་ཚོགས་སྐབས་གཉིས་པ་ལྷ་སར་འཚོགས་པ།
ཉེ་ཆར། དུས་ཡུན་ཉིན་5ཡིན་པའི་ལྗོངས་ཡོངས་ཀྱི“རྒན་རྒོན་སེམས་པ་ཏང་ལ་ཕྱོགས། ཚེ་མཇུག་བདེ་སྐྱིད་དཔལ་ལ་རོལ”ཞེས་པའི་རྒན་ཡོལ་ཞུས་པའི་ལས་བྱེད་པའི་ལུས་རྩལ་འགྲན་ཚོགས་སྐབས་གཉིས་པ་རང་སྐྱོང་ལྗོངས་ལས་བྱེད་པ་རྒན་གྲས་བྱེད་སྒོའི་ལྟེ་གནས་སུ་འགོ་ཚུགས་པ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་ལུས་རྩལ་འགྲན་ཚོགས་ལ“རྒན་རྒོན་གྱི་ལོ་ཚད”ཆེད་མངགས་བཟོས་ཤིང་། བྱ་སྒྲོའི་སྤོ་ལོ་དང་། ཕིང་ཕང་སྤོ་ལོ། སྒྲོམ་སྟེགས་སྤོ་ལོ་སོགས་མང་ཚོགས་ཀྱིས་རྒྱུས་མངའ་ཡོད་པའི་ལུས་རྩལ་རྣམ་གྲངས་ཡོད་ལ། ཀྲུང་གོའི་མིག་མངས་དང་། ཀི་རམ། ཤོ་སོགས་མི་རིགས་ཀྱི་ལུས་རྩལ་རྣམ་གྲངས་ཀྱང་ཡོད་པ་རེད།
“རང་ཉིད་རྒན་ཡོལ་ཞུས་རྗེས་ཕིང་ཕང་སྤོ་ལོའི་མཐུན་ཚོགས་ལ་མིང་ཐོ་བཀོད་པ་ཡིན། རང་ཉིད་རྟག་ཏུ་ལུས་རྩལ་རྩེད་ཀྱི་ཡོད་པས། ད་ལྟ་ལུས་པོ་ཐང་པོ་ཡོད། ཐེངས་འདིའི་འགྲན་བསྡུར་ནང་བློ་ཡིད་ཚིམ་པའི་གྲུབ་འབྲས་ཐོབ་པའི་རེ་བ་ཡོད”ཅེས་རྒན་ཡོལ་ཞུས་ནས་ལོ་ལྔ་སོང་བའི་སྐལ་སྒྲོན་གྱིས་འཛུམ་དམུལ་དམུལ་ངང་བཤད།
རང་སྐྱོང་ལྗོངས་ཏང་ཨུད་ལས་བྱེད་པ་རྒན་གྲས་ཅུས་ཀྱི་འབྲེལ་ཡོད་མི་སྣས། ལྗོངས་ཡོངས་ཀྱི་ལས་བྲལ་དང་རྒན་ཡོལ་ཞུས་པའི་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་དང་དེ་བཞིན་རིག་རྩལ་འཁྲབ་སྟོན་བྱེད་སྒོ་རབ་དང་རིམ་པ་མུ་མཐུད་སྤེལ་ནས། བསམ་བློའི་ཐད་དོ་ཁུར་མང་ཙམ་དང་འཚོ་བའི་ཐད་ལྟ་རྟོག་མང་ཙམ་བྱས་ཏེ། བློ་མཐུན་རྒན་གྲས་རྣམས་ཚེ་མཇུག་བདེ་ལ་རོལ་ཐུབ་པར་བྱེད་ཀྱི་ཡིན་ཞེས་བཤད།
འབྲེལ་ཡོད་གསར་འགྱུར།