སྲིད་འཛིན་བསྐྱར་གྲོས་ཀྱི་སྤུས་ཕན་ལེགས་སུ་བཏང་། ཁྲིམས་སྐྱོང་བོད་ལྗོངས་ཀྱི་རྣམ་པ་ལྷག་པར་ཟབ།
—— རང་ལྗོངས་ཀྱིས་སྲིད་འཛིན་བསྐྱར་གྲོས་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བའི་སྐོར་བཀོད་པ།
ཉེ་ཆར། ཁྲིམས་འཛིན་པུའུ་ཡིས《རྒྱལ་ཡོངས་ཀྱི་སྲིད་འཛིན་བསྐྱར་གྲོས་དང་སྲིད་འཛིན་གཏུག་བཤེར་གདོང་ལེན་གྱི་ལས་དོན་ཁྲོད་གྲུབ་འབྲས་གཟེངས་སུ་ཐོན་པའི་མཉམ་སྡེབ་དང་མི་སྒེར་ལ་བརྡ་ཁྱབ་བསྔགས་བརྗོད་བྱ་རྒྱུའི་སྐོར་གྱི་ཁྲིམས་འཛིན་པུའུ་ཡི་གཏན་འབེབས》བཀྲམ་པ་དང་། བོད་རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་སྲིད་འཛིན་བསྐྱར་གྲོས་དང་གཏུག་བཤེར་གདོང་ལེན་ཁྲུའུ་ལ་བརྡ་ཁྱབ་བསྔགས་བརྗོད་ཐོབ་ཅིང་། དེ་ནི་བོད་ཀྱི་སྲིད་འཛིན་བསྐྱར་གྲོས་ལས་དོན་ལ་ཚད་མཐོའི་ཁས་ལེན་བྱས་པ་ཙམ་མ་ཟད། དེ་བས་ཀྱང་ལྗོངས་ཡོངས་ཀྱི་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་གྱི་གྲུབ་འབྲས་ལ་དཔང་པོ་བྱས་པ་ཞིག་རེད།
2024ལོའི་ཟླ་1ཚེས་1ཉིན་གསར་དུ་བཟོ་བཅོས་བརྒྱབ་པའི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་བསྐྱར་གྲོས་བཅའ་ཁྲིམས》ལག་ལེན་བསྟར་ཚུན། ལྗོངས་ཡོངས་ཀྱི་རིམ་ཁག་སྲིད་འཛིན་བསྐྱར་གྲོས་ལས་ཁུངས་ཀྱིས“དམངས་ཀྱི་ཆེད་དུ་བསྐྱར་གྲོས་བྱེད་པའི”འདུ་ཤེས་ལག་བསྟར་ཧུར་ཐག་བྱས་ཏེ། གསར་དུ་བཟོ་བཅོས་བརྒྱབ་པའི་སྲིད་འཛིན་བསྐྱར་གྲོས་བཅའ་ཁྲིམས་ཕྱོགས་ཡོངས་ནས་ལག་བསྟར་གཏིང་ཟབ་བྱས་པ་དང་། བྱ་སྤྱོད་དངོས་ལ་བརྟེན་ནས་རྒྱུགས་ལན་ཡག་པོ་ཞིག་ཕུལ་ཡོད།
གྲངས་གཞི་ལས་མངོན་པར། 2024ལོར་ལྗོངས་ཡོངས་ཀྱིས་སྲིད་འཛིན་བསྐྱར་གྲོས་ཀྱི་གྱོད་གཞི་གསར་པ་752བསྡུས་པའི་ནང་ནས་གྱོད་གཞི་700ཐག་བཅད་ཟིན་པ་དང་ཐག་ཆོད་ཚད་93.1%ཟིན་ཡོད། 2023ལོ་དང་བསྡུར་ན་གྱོད་གཞི་གསར་པ་479མང་དུ་ཕྱིན་པ་དང་འཕར་ཚད་175.5%ཟིན་པ་དང་། ཐག་བཅད་ཟིན་པའི་གྱོད་གཞི་361མང་དུ་ཕྱིན་ནས་འཕར་ཚད་164.1%ཟིན་ཡོད།
2024ལོའི་ཟླ་12ཚེས་5ཉིན། རང་སྐྱོང་ལྗོངས་སྲིད་འཛིན་བསྐྱར་གྲོས་ཚོམས་ཆེན་གྱི་སྒོ་འགྲམ་དུ་ལས་དོན་པས་འགྲོ་འོང་བྱེད་མཁན་མང་ཚོགས་ལ་སྲིད་འཛིན་བསྐྱར་གྲོས་བཅའ་ཁྲིམས་དྲིལ་བསྒྲགས་བྱས་ཏེ་གོ་བདེ་རྟོགས་སླའི་སྐད་ཆར་བརྟེན་ནས་བཅའ་ཁྲིམས་ཤེས་བྱ་གཞི་རིམ་དུ་ཁྱབ་གདལ་དང་མང་ཚོགས་དང་ཉེ་བཅར་ཐུབ་པར་བྱས་ཡོད།
གསར་དུ་བཟོ་བཅོས་བརྒྱབ་པའི་སྲིད་འཛིན་བསྐྱར་གྲོས་བཅའ་ཁྲིམས་ཁྱབ་བསྒྲགས་བྱས་ཚུན། རང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱིས་བཅའ་ཁྲིམས་སློབ་སྦྱོང་དང་ཁྱབ་གདལ་གཏོང་བ་ནས་འགོ་བཙུགས་ཏེ་དྲིལ་བསྒྲགས་བྱེད་སྒོ་སྣ་ཚོགས་སྤེལ་ཞིང་། ལྗོངས་ཡོངས་ཀྱིས་རིམ་རྩིས་བརྒྱབ་ན་སྲིད་འཛིན་བསྐྱར་གྲོས་ཀྱི་དྲིལ་བསྒྲགས་ཐེངས་360ལྷག་ཙམ་བྱས་པ་དང་། སྲིད་འཛིན་བསྐྱར་གྲོས་བཅའ་ཁྲིམས་ཀྱི་དྲིལ་བསྒྲགས་བརྙན་ཐུང་ཐེངས་11བཟོས་པ་དང་ཁྱབ་བསྒྲགས་བྱས་པ། སྨྱན་སྦྱོར་ལས་སྟེགས་སྣ་ཚོགས་སུ་དྲིལ་བསྒྲགས་དང་གནས་ཚུལ་གཏོང་སྤེལ་ཐེངས་400ལྷག་ཙམ་བྱས་ཏེ་གསར་དུ་བཟོ་བཅོས་བརྒྱབ་པའི་སྲིད་འཛིན་བསྐྱར་གྲོས་བཅའ་ཁྲིམས་མི་སེམས་སུ་གཏིང་ཟབ་ཟུག་པར་སྐུལ་འདེད་བཏང་བ་རེད།
ཤེས་རྟོགས་ཐུབ་ཚད་ཆེ་རུ་གཏོང་བ་དང་ཆབས་ཅིག རང་ལྗོངས་ཀྱིས་སྲིད་འཛིན་བསྐྱར་གྲོས་ཀྱི་ཡོངས་བསྒྲགས་ཐབས་ལམ་ཤར་གཏོང་ཧུར་ཐག་བྱས་ནས་དམངས་ཕན་ཞབས་ཞུའི་སྐར་ཁུང་བཙུགས་ཡོད། དེའང་མ་དངུལ་སྒོར་ཁྲི་350ལྷག་ཙམ་བཏང་ནས་རང་སྐྱོང་ལྗོངས་སྲིད་འཛིན་བསྐྱར་གྲོས་དང་གཏུག་བཤེར་གདོང་ལེན་གྱི་ལས་སྟེགས་བསྐྲུན་པ་དང་། “བོད་ཀྱི་སྲིད་འཛིན་བསྐྱར་གྲོས”ཀྱི་བྱ་རིམ་ཆུང་ངུ་ཞིབ་འཇུག་གསར་སྤེལ་བྱས་ནས་སྲིད་འཛིན་བསྐྱར་གྲོས་ཀྱི་རེ་ཞུའི་ཐབས་ལམ་སྔར་བས་རྒྱ་ཆེ་རུ་བཏང་བ། གྲོང་ཁྱེར་དང་རྫོང་རིམ་པ་གཉིས་ཀྱི་སྲིད་འཛིན་བསྐྱར་གྲོས་ལས་ཁུངས་ཀྱིས་རིམ་པ་དེ་གའི་སྲིད་དོན་ཞབས་ཞུའི་ཚོམས་ཆེན་དང་སྤྱི་པའི་བཅའ་ཁྲིམས་ཞབས་ཞུ་ལྟེ་གནས་སོགས་ལ་བརྟེན་ནས་བློ་འདྲིའི་སྐར་ཁུང་བཙུགས་པ། ལྗོངས་ཡོངས་ཀྱི་སྲིད་འཛིན་བསྐྱར་གྲོས་ལས་ཁུངས་82ཀྱི་བློ་འདྲིའི་སྐར་ཁུང་གནས་ཡུལ་དང་ཁ་པར་ཡོངས་བསྒྲགས་བྱས་པ་རེད།
འཐུས་སྒོ་ཚང་བའི་སྒྲིག་སྲོལ་ལམ་སྲོལ་ནི་སྲིད་འཛིན་བསྐྱར་གྲོས་ཀྱི་ལས་དོན་འཁོར་སྐྱོད་ནུས་ཆེ་ཡོང་བའི་འགན་སྲུང་རེད། 2024ལོ་ནས་བཟུང་། རང་ལྗོངས་ཀྱིས་སྲིད་འཛིན་བསྐྱར་གྲོས་ཀྱི་སྒྲིག་སྲོལ་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་ཞིང་། མིག་སྔར། རང་སྐྱོང་ལྗོངས་རིམ་པ་དེ་རང་དང་གྲོང་ཁྱེར(ས་ཁུལ)7གྱིས་རིམ་པ་དེ་གའི་མི་དམངས་སྲིད་གཞུང་གི་སྲིད་འཛིན་བསྐྱར་གྲོས་གཞུང་དོན་ཁང་སྒོ་བྱང་བཀལ་ནས་བཙུགས་པ་དང་། གྲོང་ཁྱེར(ས་ཁུལ)7གྱི་ཁྲིམས་འཛིན་སྲིད་འཛིན་སྡེ་ཚན་གྱིས་སྲིད་འཛིན་བསྐྱར་གྲོས་དང་གཏུག་བཤེར་གདོང་ལེན་ཁོའོ་ཁེར་ལོགས་སུ་བཙུགས་ཡོད། དེ་དང་ཆབས་ཅིག་སྲིད་འཛིན་བསྐྱར་གྲོས་ཨུ་ཡོན་ལྷན་ཁང་གི་རིགས་གཅིག་མཁས་ཅན་མཛོད་བཙུགས་ནས་སྲིད་འཛིན་བསྐྱར་གྲོས་ཀྱི་དཀའ་སླ་ཁག་བགོ་དང་། བར་འདུམ་འགྲིག་ཐབས། བསམ་འཆར་ཉན་པ། གཟུ་ཉན་སོགས་ཀྱི་ལམ་ལུགས་ཁག་10ལྷག་ཙམ་བཟོས་ནས་གསར་དུ་བཟོ་བཅོས་བརྒྱབ་པའི་སྲིད་འཛིན་བསྐྱར་གྲོས་བཅའ་ཁྲིམས་ཕྱོགས་ཡོངས་དང་། གནད་ལ་འཁེལ་བ། ཕན་ནུས་ལྡན་པ་བཅས་ཀྱི་སྒོ་ནས་ལག་ལེན་བསྟར་བར་སྐུལ་འདེད་བཏང་བ་རེད།
རང་སྐྱོང་ལྗོངས་སྲིད་འཛིན་བསྐྱར་གྲོས་ཚོམས་ཆེན་དུ་གཉེར་བའི“སྲིད་འཛིན་བསྐྱར་གྲོས་ཀྱིས་ཁེ་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གཡས་གཞོགས་གཡོན་འདེཌ་བྱེད་པའི་བཞུགས་མོལ་ཚོགས་འདུ་དང་སྲིད་འཛིན་བསྐྱར་གྲོས་ཀྱི་སྒོ་དབྱེའི་ཉིན་མོའི”བྱེད་སྒོར་ཚོགས་ཞུགས་སྡེ་ཁུལ་དང་། ཚོང་ཚོགས། ཁེ་ལས་མཁས་ཅན་བཅས་ཀྱི་འཐུས་མི་རྣམས་མྱོང་ཚོར་ཟབ་པོ་བྱུང་ཡོད་པ་རེད།
བྱེད་སྒོ་སྤེལ་རིང་འཐུས་མི་ཚོས་སྲིད་འཛིན་བསྐྱར་གྲོས་ཚོམས་ཆེན་དང་། སྣེ་ལེན་ཁང་། འདུམ་འགྲིག་ཁང་། ཞིབ་གཅོད་ཁང་སོགས་ཀྱི་ལས་ཀའི་ས་ཁོངས་ལ་ལྟ་སྐོར་བྱས་ནས་སྲིད་འཛིན་བསྐྱར་གྲོས་ཀྱི་གྱོད་གཞི་སྒྲུབ་གཉེར་བརྒྱུད་རིམ་དང་འབྲེལ་ཡོད་ཀྱི་ལས་ཀའི་ལམ་ལུགས་ཤེས་རྟོགས་ཞིབ་ཕྲ་བྱས་པ་རེད། འགུལ་བརྙན་དང་བརྙན་ཐུང་ལམ་ནས་སྤྲོ་སྣང་ལྡན་པའི་བརྙན་རིས་ལ་བརྟེན་ནས་གསར་དུ་བཟོ་བཅོས་བརྒྱབ་པའི་སྲིད་འཛིན་བསྐྱར་གྲོས་བཅའ་ཁྲིམས་འགྲེལ་བཤད་བརྒྱབ་པ་མ་ཟད། ས་ཡུལ་དངོས་སུ་དྲིས་ལན་འདེབས་པའི་ལྷུ་ཚིགས་ནི་དེ་བས་ཀྱང་འཁྲུག་ཆ་དོད་པས་ཚང་མས་བག་ཕེབས་ཀྱི་ཁོར་ཡུག་ཁྲོད་འབྲེལ་ཡོད་ཤེས་བྱ་ཁོང་དུ་ཆུད་ཐུབ་པ་བྱུང་ཡོད།
དེ་ནི་རང་ལྗོངས་ཀྱི་སྲིད་འཛིན་བསྐྱར་གྲོས་ཀྱིས་ཁེ་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གཡས་གཞོགས་གཡོན་འདེགས་བྱེད་པའི་མཚོན་ཚུལ་ཞིག་རེད། 2024ལོ་ནས་བཟུང་། རང་ལྗོངས་ཀྱིས་སྲིད་འཛིན་བསྐྱར་གྲོས་ཀྱིས་ཁེ་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གཡས་གཞོགས་གཡོན་འདེགས་བྱེད་པའི་ཆེད་དོན་བྱ་སྤྱོད་ཏན་ཏིག་སྤེལ་བ་དང་། ཁེ་ལས་དང་འབྲེལ་བའི་སྲིད་འཛིན་བསྐྱར་གྲོས་ཀྱི་གྱོད་གཞི་ཁྲིམས་ལྟར་སྒྲུབ་གཉེར་བྱས་ཏེ་ཁེ་ལས་དང་འབྲེལ་བའི་སྲིད་འཛིན་རྩོད་གཞི་ཐག་གཅོད་ནུས་ཆེ་བྱེད་པར་སྐུལ་འདེད་བཏང་བ་དང་། ཁེ་ལས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱས་པ། སྲིད་འཛིན་ལས་ཁུངས་ཀྱིས་ནན་པོ་དང་། ཚད་ལྡན། དྲང་གཞག ཡ་རབས་བཅས་ཀྱི་སྒོ་ནས་ཁྲིམས་སྒྱུར་བྱེད་པར་སྐུལ་འདེད་བཏང་ནས་ཁེ་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྔར་བས་འདྲ་མཉམ་དང་། དྲང་གཞག ཕྱི་གསལ་ནང་གསལ་བཅས་ཀྱི་ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་བསྐྲུན་པ་རེད།
ལྗོངས་ཡོངས་ཀྱི་རིམ་ཁག་སྲིད་འཛིན་བསྐྱར་གྲོས་ལས་ཁུངས་ཀྱིས་གསར་དུ་བཟོ་བཅོས་བརྒྱབ་པའི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་བསྐྱར་གྲོས་བཅའ་ཁྲིམས》ཕྱོགས་ཡོངས་དང་གནད་ལ་འཁེལ་པོས་ལག་བསྟར་བྱས་ཏེ། སྲིད་འཛིན་བསྐྱར་གྲོས་ལས་དོན་གྱི་སྤུས་ཚད་དང་ཕན་འབྲས་རྒྱུན་ཆད་མེད་པར་ལེགས་སུ་གཏོང་བ་དང་། མི་དམངས་མང་ཚོགས་ཀྱི་ཁྲིམས་སྐྱོང་གི་ཐོབ་སྣང་ཆེ་རུ་བཏང་ནས་སྲིད་འཛིན་བསྐྱར་གྲོས་ལས་དོན་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།