རང་ལྗོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲིན་ལན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པ།
མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་མཛེས་རིས་མཉམ་དུ་བྲིས་པ།
རང་ལྗོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཉིང་ཁྲི་གྲོང་རྡལ་ཀ་ལ་གྲོང་ཚོའི་གྲོང་མི་ཡོངས་ལ་སྤྲིངས་པའི་འཕྲིན་ལན་གལ་ཆེན་གྱི་སྙིང་སྟོབས་སློབ་སྦྱོང་ལག་བསྟར་ནན་ཏན་བྱས་ཏེ། འབད་འབུངས་ཆེན་པོས་སྔོན་ཐོན་བརྩོན་ལེན་བྱེད་པའི་དངོས་སྒྲུབ་ཀྱི་ཚ་རླབས་ཤིག་འཕྱུར་ཡོད། ཚང་མས་གཅིག་རྗེས་གཉིས་མཐུད་ངང་སྤྱི་ཁྱབ་ཧྲུའུ་ཅིའི་འཕྲིན་ལན་ནང་ཀ་ལ་གྲོང་ཚོའི་གྲོང་མི་ཡོངས་ལ་ལྕག་སྐུལ་གནང་སྟེ“གངས་ལྗོངས་ས་མཐོའི་རང་བྱུང་མཛེས་ལྗོངས་ལ་སྲུང་སྐྱོང་ཡག་པོ་བྱེད་དགོས་པའི”ཐུགས་རེ་ཟབ་མོ་བཏོན་གནང་བས། མི་སེམས་ལ་སྐུལ་མ་ཐེབས་པ་དང་འབད་འབུངས་ཀྱི་སེམས་ཤུགས་འཕེལ་ཏེ། སྤྱི་ཁྱབ་ཧྲུའུ་ཅིའི་ཐུགས་ཁུར་དང་བཀའ་མངགས་ཟབ་མོ་བློ་ལ་བརྟན་པོར་ངེས་ནས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ཕྱོགས་ཡོངས་ནས་ལག་ལེན་བསྟར་ཏེ་གངས་ལྗོངས་ས་མཐོའི་རྩྭ་རྩི་ཤིང་དང་རི་ཆུ་ཀླུང་གསུམ་སྲུང་སྐྱོང་ཡག་པོ་བྱེད་ཀྱི་ཡིན་ཞེས་བརྗོད་པ་རེད།
ཟླ་7ཚེས་10ཉིན་གྱི་ས་སྲོད་དུ། ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་གྲུ་པ་རོང་ཤང་སྟར་ཁ་སྟེང་གྲོང་ཚོའི་སྟར་ཁ་ཚོགས་ཆུང་གི་ཙུའུ་ཀྲང་བཀྲ་ཤིས་ཕུན་ཚོགས་ཀྱིས་ཉིན་གཉིས་པའི་ནགས་ཚལ་བདག་སྐྱོང་ས་ཚིགས་ཀྱི་ལས་དོན་བཀོད་སྒྲིག་བྱེད་བཞིན་ཡོད།
“ཟླ་7ཚེས་11ཉིན་ནགས་ཚལ་བདག་སྐྱོང་ས་ཚིགས་ཀྱི་ལས་རེས་ཚེ་བཀྲ་དང་ཉི་མ་དགྲ་འདུལ་འཁེལ་གྱི་འདུག ”ཅེས་ཁོང་གིས་སྨྱུ་གུས་ཟིན་བྲིས་འགོད་ཞོར་དུ་ཞིབ་ཕྲའི་ལས་དོན་བཀོད་སྒྲིག་བྱས། ཁོང་གིས་ཉིན་ལྟར་ཚོགས་ཆུང་ཡོངས་ནས་སྐྱེ་ཁམས་ལས་གནས་ཀྱི་མི་སྣ་རེས་མོས་སུ་ལས་རེས་ལ་གཏོང་གི་ཡོད་པས་ནགས་ཚལ་ཀྱི་ཐོན་ཁུངས་ལ་སྲུང་སྐྱོང་ཐུབ་པ་མ་ཟད། མང་ཚོགས་ཀྱི་ཡོང་འབབ་ཀྱང་མང་དུ་ཕྱིན་ཡོད་ཅེས་བརྗོད་པ་རེད།
“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀ་ལ་གྲོང་ཚོའི་ཡུལ་མི་ཡོངས་ལ་འཕྲིན་ལན་གལ་ཆེན་སྤྲིངས་པ་དེས་ང་ཚོའི་སེམས་ཤུགས་རབ་ཏུ་འཕེལ་བ་མ་ཟད། ལྕག་སྐུལ་ཡང་ཆེན་པོ་ཐེབས་བྱུང”ཞེས་བཀྲ་ཤིས་ཕུན་ཚོགས་ཀྱིས་བརྗོད་ཅིང་། ཁོང་གིས“རང་ལྗོངས་ཀྱི་གཞི་རིམ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དཔུང་ཁག་གི་ཁོངས་མི་ཞིག་ཡིན་པའི་ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་མངགས་བློ་ལ་བརྟན་པོར་ངེས་ནས་མིག་ལ་གཅེས་སྤྲས་བྱེད་པ་ལྟར་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་བྱས་ཏེ་བོད་ཀྱི་གནམ་སྔོན་པོ་དང་། རི་བོ་སྔོན་ལྗང་། ཆུ་མོ་དྭངས་གཙང་བཅས་སྔར་ལས་ལྷག་པ་ཡོང་བ་བྱ་རྒྱུ་ཡིན”ཞེས་བརྗོད། བཀྲ་ཤིས་ཕུན་ཚོགས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། དབྱར་དུས་ཀྱི་ནགས་ཚལ་མེ་ཟོན་གྱི་འགག་རྩའི་དུས་སྐབས་ལ་དམིགས་ནས། གྲོང་ཚོས་ནགས་སྲུང་བ་100སྒྲིག་འཛུགས་བྱས་ཏེ་སྐྱེ་དངོས་ཀྱི་མེ་འགོག་བཅད་བརྒྱབ་ནས་ནགས་ཚལ་མེ་ཟོན་གྱི་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་གཏོང་རྩིས་ཡོད་པ་རེད།
ཇོ་མོ་གླང་མ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་གཞིས་རྩེ་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་ཇོ་མོ་གླང་མ་མཐའ་མཚམས་མངགས་གཏོང་ཁང་གི་ཡུལ་མི་གནས་སྤོས་དོ་དམ་ཉེན་རྟོག་པས“ཉེན་དོན་དང་སྐྱེ་ཁམས་ཟུང་འབྲེལ”གྱི་ལས་དོན་སྒྲུབ་སྟངས་གསར་གཏོད་དང་ཁྱབ་གདལ་བཏང་ཡོད། “ང་ཚོས‘གངས་ལྗོངས་ས་མཐོའི་རང་བྱུང་མཛེས་ལྗོངས་ལ་སྲུང་སྐྱོང་ཡག་པོ་བྱེད་དགོས་པའི’སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་མངགས་བློ་ལ་བརྟན་པོར་ངེས་ཏེ་བྱ་སྤྱོད་དངོས་ལ་བརྟེན་ནས‘ཉེན་རྟོག་པས་འཁྱགས་རོམ་སྲུང་བའི’དམ་བཅའ་ལག་ལེན་བསྟར་རྒྱུ་ཡིན”ཞེས་མངགས་གཏོང་ཁང་གི་སློབ་སྟོན་པ་ཀྲང་སུའེ་ཤིན་གྱིས་ངོ་སྤྲོད་བྱས་ཤིང་། ཁོང་གིས་ང་ཚོས“ཉེན་རྟོག་པ་དང་ནགས་སྲུང་བ། སྐྱེ་ཁམས་བདག་སྐྱོང་བ་བཅས་ཟུང་འབྲེལ”གྱི་མཉམ་འགོག་ལམ་སྲོལ་བཙུགས་ཏེ་སྐོར་སྲུང་སྐོར་ཞིབ་ཀྱི་ལས་དོན་རྒྱུན་རྣམ་ཅན་གྱི་སྒོ་ནས་སྤེལ་ཏེ། ཇོ་མོ་གླང་མའི་མཛེས་ལྗོངས་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་དྲ་བ་ཧུར་ཐག་བསྐྲུན་ཡོད་ཅེས་བརྗོད་པ་རེད།
ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི་འདུ་ཤེས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཏེ། ཐོན་ལས་སྐྱེ་ཁམས་ཅན་དང་སྐྱེ་ཁམས་ཐོན་ལས་ཅན་ལ་སྤྱི་འདོམས་སྐུལ་འདེད་བཏང་སྟེ། སྐྱེ་ཁམས་སྲུང་སྐྱོང་དང་དཔལ་འབྱོར་འཕེལ་རྒྱས་དབར་ཕན་ཚུན་མཉམ་འདྲེས་དང་གཅིག་ཕན་གཅིག་རོགས་ཡོང་བ་བྱས་ཡོད། གཞིས་རྩེ་གྲོང་ཁྱེར་བཞད་མཐོང་སྨོན་རྫོང་ཆབ་ཁ་གྲོང་རྡལ་ཆབ་ཁ་གྲོང་ཚོའི་ཆུ་ཚན་ཡུལ་སྐོར་ཆེད་ལས་མཉམ་ལས་ཁང་གིས“སྐྱེ་ཁམས་དང་། ལུས་གསོ། རིག་གནས་བཅས་ཟུང་འབྲེལ”གྱི་ཁྱད་ལྡན་ཡུལ་སྐོར་སྤུས་རྟགས་བཏོད་པས་ལོ་4ཡི་རིང་རིམ་རྩིས་བརྒྱབ་ན་བགོ་འགྲེམས་སྒོར་ཁྲི་121.5རག་པ་དང་མང་ཚོགས་200ལྷག་ཙམ་ལས་ཞུགས་ཐུབ་པར་སྐུལ་ཁྲིད་བྱས་ཡོད། “ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲིན་ལན་གལ་ཆེན་གྱི་དགོངས་དོན་དེ་འཕེལ་རྒྱས་ཀྱི་སྒུལ་ཤུགས་སུ་བསྒྱུར་ནས་ལས་དོན་སྒྲུབ་ཤུགས་ཆེ་རུ་བཏང་སྟེ། ས་གནས་འདི་གའི་ལུས་གསོའི་ཡུལ་སྐོར་གྱི་རིན་ཐང་ཆེ་རུ་གཏོང་རྒྱུ་ཡིན”ཞེས་བཞད་མཐོང་སྨོན་རྫོང་རིག་གནས་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་བཀྲ་ཤིས་གཡང་འཛོམས་ཀྱིས་བརྗོད་ཅིང་། ཁོང་གིས་རྫོང་གིས་ས་འོག་ཚ་ནུས་ཀྱི་ཐོན་ཁུངས་གསར་སྤེལ་དང་། མངོན་མིན་རིག་གནས་ཤུལ་བཞག་ཉམས་ལེན། རིག་རྩལ་དཔལ་འབྱོར་བཅས་གཞི་གཅིག་ཏུ་འདུས་པའི་ཡུལ་སྐོར་སྤྲོ་གསེང་ཁུལ་བསྐྲུན་རྒྱུའི་འཆར་གཞི་འགོད་བཞིན་ཡོད་པ་དང་། སྐྱེ་ཁམས་དང་རིག་གནས་ཡུལ་སྐོར་ཕན་ཚུན་འབྲེལ་མཐུད་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བ་མཐའ་འཁྱོངས་བྱས་ཏེ། རིག་གནས་དང་ཡུལ་སྐོར་ཐོན་ལས་ལྗང་མདོག་དང་། རིན་ཐང་། དཔེ་གསར་བཅས་ཡོང་ཚད་ཟམ་མི་ཆད་པར་ཆེ་རུ་གཏོང་རྒྱུ་ཡིན་ཞེས་བརྗོད་པ་རེད།
བྱང་རྩྭ་ཐང་ནས་ཡར་ཀླུང་གཙང་པོའི་ངོགས་གཉིས་བར་དང་། ཇོ་མོ་གླང་མའི་འདབས་ནས་གཙང་གསུམ་ཆུ་འགོའི་བར་དུ། བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲིན་ལན་གལ་ཆེན་གྱི་དགོངས་དོན་མཛུབ་སྟོན་དུ་བྱས་ཏེ་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་། “སའི་གོ་ལའི་སྣེ་གསུམ་པར”སྲུང་སྐྱོང་ཡག་པོ་བྱེད་པ། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་མཛེས་རིས་མཉམ་དུ་འབྲི་བ། བྱ་སྤྱོད་དངོས་ལ་བརྟེན་ནས་གངས་ལྗོངས་ས་མཐོའི་རང་བྱུང་མཛེས་ལྗོངས་ལ་སྲུང་སྐྱོང་ཡག་པོ་བཅས་བྱས་ཏེ་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་ལེའུ་གསར་པ་ནུས་ཤུགས་ཡོད་རྒུས་རྩོམ་བཞིན་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།