བོད་ལྗོངས་ཧུང་ནུང་གིས་ས་མཐོར་བྱ་གསོའི་ལས་ལ་གཞོལ།
ས་བབ་སྨི་གསུམ་སྟོང་གི་ས་མཐོར་བྱ་གསོ་ར་བ་ཆེན་པོ་བསྐྲུན་ཐུབ་བམ།
ས་མཐོ་ནི་གྲང་ངར་ཆེ་ལ་གསོ་རླུང་མི་འདང་བའི་ཁར། ཐོན་སྐྱེད་ཀྱི་མཐུན་རྐྱེན་འཛོམ་པོ་དེ་ཙམ་མེད་ལ། བྱ་དེར་ཡང་ལ་དུག་ཕོག་སྲིད་པས་བྱ་གསོ་ར་བ་ཆེན་པོ་བསྐྲུན་མི་ཐུབ་པའི་ངོས་འཛིན་བྱེད།
འོན་ཀྱང་ཧུའུ་པེ་ནས་ཡོང་བའི་ཀྲང་ཧུང་ལིན་གྱིས་བྱ་སྤྱོད་དངོས་ལ་བརྟེན་ནས་མི་རྣམས་ཀྱི་སྲོལ་རྒྱུན་གྱི་ངོས་འཛིན་དེའི་འཆིང་རྒྱ་གཏོར།
2020ལོར། ཀྲང་ཧུང་ལིན་ཧུའུ་པེ་ནས་གངས་ལྗོངས་ས་མཐོར་ཡོང་ནས་བོད་ལྗོངས་ཧུང་ནུང་ཞིང་ལས་འཕེལ་རྒྱས་ཚད་ཡོད་ཀུང་སི་བཙུགས་པ་མ་ཟད། མིག་སྔར་བོད་ཡོངས་སུ་གཞི་ཁྱོན་ཆེ་ཤོས་ཀྱི་དེང་རབས་ཅན་གྱི་རིག་ནུས་བྱ་གསོ་ར་བ་ཡང་བསྐྲུན། དུས་ཐུང་ལོ་ལྔའི་ནང་། བོད་ལྗོངས་ཧུང་ནུང་གིས་ས་བབ་མཐོ་བའི་ས་ཁུལ་གྱི་བྱ་དེ་གཞི་ཁྱོན་ཅན་གྱི་སྒོ་ནས་གསོ་སྤེལ་བྱེད་དཀའ་བའི་གནད་དོན་བསལ་ཏེ་ས་གནས་མང་ཚོགས་ལ་འབབ་འཕར་ཕྱུག་འགྱུར་ཡོང་བར་སྣེ་ཁྲིད་བྱས།
ཐབས་ལམ་འཚོལ་ཞིབ་བྱས་ནས་ས་བབ་སྨི་3600ཡི་སར་བྱ་གསོ་ར་བ་བསྐྲུན་པ།
ཀྲང་ཧུང་ལིན་ནི་ཧུའུ་པེའི་བྱ་གསོའི་ཁྱིམ་ཚང་ཞིག་ཏུ་སྐྱེས་པས་ཆུང་དུས་ནས་བྱ་གསོའི་ལས་ལ་གཞན་དང་མི་འདྲ་བའི་གོམས་འདྲིས་ཡོད། 2011ལོར་ཀྲང་ཧུང་ལིན་རབ་འབྱམས་པའི་སློབ་གནས་མཐར་ཕྱིན་རྗེས་ཕ་ཡུལ་དུ་ལོག་ནས་བྱ་གཞག་གསར་གཏོད་ལས་ལ་ཞུགས་ཏེ། ཝུའུ་ཧན་ཞིང་དར་ཞིང་འབྲོག་ཚད་ཡོད་ཀུང་སི་བཙུགས་པ་མ་ཟད། རིག་ནུས་ཅན་གྱི་བྱ་གསོ་ར་བའང་བཙུགས།
2020ལོར་སླེབས་སྐབས། ཝུའུ་ཧན་ཧུང་ནུང་ཀུང་སི་ཧྭ་ཀྲུང་ས་ཁུལ་གྱི་གཞི་ཁྱོན་ཆེ་ཤོས་ཀྱི་བྱ་གསོའི་ཐོན་ལས་གླིང་ཁུལ་དུ་གྱུར།
ཁེ་ལས་མཁས་ཅན་མཁོ་བའི་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་གྱིས་ཀྲང་ཧུང་ལིན་སོགས་ཁེ་ལས་མཁས་ཅན་བོད་དུ་བྱ་དེ་གསོ་ཚགས་ལས་རིགས་འཕེལ་རྒྱས་གཏོང་བར་གདན་དྲངས།
“སྐད་ཆ་འདྲི་བ་དང་བརྟག་ཞིབ་བྱས་པ་བརྒྱུད་ང་ཚོས་ས་མཐོའི་བྱ་དེའི་གནས་ཚུལ་ཤེས་བྱུང་ལ། ཁྲོམ་རའི་གོ་སྐབས་ཀྱང་མཐོང་བྱུང”ཞེས་བོད་ལྗོངས་ཧུང་ནུང་གི་སྤྱི་ཁྱབ་ཅིང་ལི་གཞོན་པ་ཀྲང་པོ་ཡིས་བཤད་པ་དང་། ཁོང་གིས། བོད་ཀྱི་སྒོ་ང་85%ཞིང་ཆེན་དང་གྲོང་ཁྱེར་གཞན་ནས་ནང་འདྲེན་བྱེད་པ་ལས་ས་གནས་འདི་གར་སྤུས་ལེགས་ཀྱི་སྒོ་ང་དགོས་མཁོ་ཆེན་པོ་ཡོད་པ་མཐོང་ཐུབ་ཅེས་བཤད།
2020ལོའི་ཟླ་6པར་བོད་ལྗོངས་ཧུང་ནུང་ཀུང་སི་བཙུགས་ཤིང་། ཀུང་སིས་ས་བབ་སྨི་3600ལྷག་ཙམ་ཡོད་པའི་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཕོ་བྲང་ཤང་དུ་བྱ་གསོ་ར་བ་བསྐྲུན།
“ཐོག་མར་ས་ཆ་དེ་རྡོ་ཧྲུག་དང་རྩྭ་ངན་གྱིས་ཁེངས་པའི་ཐང་སྟོང་ཞིག་ཡིན་པ་དང་ལྗོན་ཤིང་རྐང་གཅིག་ཀྱང་མཐོང་རྒྱུ་མི་འདུག་ལ། ཆུ་དང་གློག་མེད་པས་བྱ་གསོ་ར་བ་སྐྲུན་པར་དཀའ་ལས་ཆེན་པོ་བྱུང”ཞེས་ཀྲང་ཧུང་ལིན་གྱིས་ཀུང་སི་འཛུགས་སྐབས་འཕྲད་པའི་དཀའ་ངལ་དག་བརྗོད་བྱུང་།
བྱ་གསོ་ར་བ་གང་མགྱོགས་སྐྲུན་ཆེད། ཀྲང་ཧུང་ལིན་གྱིས་ལས་བཟོའི་སྣེ་ཁྲིད་དེ་དཀའ་ལས་ཉིན་201བརྒྱབ་མཐར་དེང་རབས་ཅན་གྱི་བྱ་གསོ་ར་བ་ཞིག་མི་རྣམས་ཀྱི་མིག་ལམ་དུ་འཆར། དུས་ཐེངས་དང་པོའི་རྣམ་གྲངས་ལ་ཁྱོན་བྱ་ཚང་12ཡོད་པ་དང་སྒོ་ང་ཁྲི་101ཉར་ཚགས་བྱེད་ཐུབ།
གྲལ་སྟར་བསྒྲིགས་པའི་བྱ་ཚང་དེ་དག་མྱ་ངམ་ཐང་གི་མཛེས་རྒྱན་དུ་གྱུར་ཅིང་། བྱ་གསོ་ར་བར་བཀག་སྡོམ་རྣམ་པའི་གསོ་སྤེལ་བྱེད་ཐབས་སྤྱོད་པ་དང་རིག་ནུས་ལ་བརྟེན་ནས་བྱ་ཚང་གི་དྲོད་ཚད་དང་། རློན་ཚད། རླུང་བཅས་དུས་ཐོག་ཏུ་ལེགས་སྒྲིག་བྱེད་ཀྱི་ཡོད།
ལོ་གཉིས་པར་བོད་ལྗོངས་ཧུང་ནུང་ནས་ཐོན་པའི་སྒོ་ང་སོས་པ་ཁྲོམ་རར་བཏོན་མ་ཐག་བྲིན་ཁ་རྒྱུགས། ད་བར་ཁོང་ཚོའི་སྒོ་ངས་བོད་ཀྱི་ཁྲོམ་རའི་དགོས་མཁོ་80%བསྐངས་ཡོད།
ལོ་མང་འཕེལ་རྒྱས་ཕྱིན་པ་བརྒྱུད། ད་ཆ་ལྷ་ས་དང་ལྷོ་ཁ་སོགས་སྒོ་རྩིས་ཚོང་ཁང་དུ་བོད་ལྗོངས་ཧུང་ནུང་གི“བོད་ལྗོངས་ཧུང་ནུང”དང“བོད་ཀྱི་སྒོ་ང་དཀར་པོ”རྟགས་ཅན་གྱི་སྒོ་ང་སོས་པ་མཐོང་རྒྱུ་ཡོད། “སྒོ་ང་དེ་ཆེ་ལ་བྲོ་བ་ཞིམ་པས་ངའི་ནང་མིས་ཧ་ཅང་དགའ་པོ་བྱེད་ཀྱི་འདུག”ཅེས་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཀྱི་གྲོང་མི་དོན་གྲུབ་ཀྱིས་བཤད།
ལག་རྩལ་གསར་གཏོད་བྱས་ནས་བྱ་ཕྲུག་གསོན་དཀའ་བའི་གནད་དོན་ཐག་གཅོད་བྱས་པ།
ས་མཐོར་དཀའ་གནད་བསལ་ནས་གཞི་ཁྱོན་ཅན་གྱི་གསོ་སྤེལ་མངོན་འགྱུར་ཇི་ལྟར་བྱེད་དགོས་སམ།
བོད་ལྗོངས་ཧུང་ནུང་གི་རིགས་གཅིག་མཁས་ཅན་ཚོས་དྲོད་ཚད་དང་རློན་ཚད་ནི་ས་མཐོའི་བྱ་དེ་གཞི་ཁྱོན་ཅན་གྱི་གསོ་སྤེལ་ལ་ཚོད་འཛིན་བཟོ་བའི་རྒྱུ་རྐྱེན་གཙོ་བོ་དེ་ཡིན་པར་ངོས་འཛིན་བྱས།
གནད་དོན་དེ་ཐག་གཅོད་བྱ་ཆེད། བོད་ལྗོངས་ཧུང་ནུང་གིས་འཇར་མན་དང་ཧོ་ལན་ནས་སྔོན་ཐོན་གསོ་སྤེལ་སྒྲིག་ཆས་ནང་འདྲེན་བྱས་ནས་བྱ་ཚང་གི་དྲོད་ཚད་དང་། རློན་ཚད། གསོ་རླུང་བཅས་སྙོམས་སྒྲིག་བྱས་ཏེ་བྱ་ཕྲུག་གསོན་པར་མཐུན་རྐྱེན་བསྐྲུན་ཡོད།
གྲ་སྒྲིག་གང་ལེགས་བྱས་རྗེས་2021ལོའི་ཟླ་5པར་བོད་ལྗོངས་ཧུང་ནུང་གིས་པེ་ཅིང་ནས་བྱ་ཕྲུག་ཁག་དང་པོ་དབོར་ཏེ་གསོས་རྗེས་ཉིན་280ནས་380ནང་ཚུན་དུ་སྒོ་ང་གཏོང་ཐུབ་པ་བྱུང་ཡོད།
འོན་ཀྱང་། བསམ་ཡུལ་ལས་འདས་པ་ཞིག་ལ་དུས་ཡུན་རིང་པོ་མ་འགོར་བར་དབོར་བའི་བྱ་ཕྲུག་ཁྲི་11.2ནས་ཁྲི་4ལྷག་ཙམ་ཤི་བ་རེད།
བྱ་ཕྲུག་ལ་ལ་ནི་དབོར་བའི་ལམ་བར་དུ་དབུགས་སུབ་ཐེབས་པ་དང་ལ་ལ་ནི་ལྷོ་ཁར་འབྱོར་རྗེས་ཁོར་ཡུག་མ་འཕྲོད་པར་ཤི་བ་རེད། སྒོ་ཕྱུགས་དང་ཁྱིམ་བྱའི་སྒྲིག་ཆས་མཁོ་འདོན་ཚོང་པ་དང་འཇར་མན་ཏ་ཧོ་ལན་བའི་ཀུང་སིའི་ཀྲུང་གོའི་ཇུས་འགོད་པུའི་སྤྱི་ཁྱབ་ལྟ་ཞིབ་པ་ཀྲང་ལི་ཡིས“བོད་ཀྱི་རང་བྱུང་ཁོར་ཡུག་དམིགས་བསལ་ཡིན་པས་རྒྱལ་སྤྱིར་སྤྱོད་པའི་བྱ་ཚང་རླུང་འགྲོའི་གསོ་ཐབས་དེ་བོད་ལ་སྤྱད་ན་འཚམ་པོ་མེད”ཅེས་བཤད།
དེས་ན། ལག་རྩལ་མི་སྣས་མུ་མཐུད་ཚན་ཞིབ་བྱེད་ཤུགས་ཆེ་རུ་བཏང་སྟེ། དེ་སྔའི་འཕྲེད་ཕྱོགས་རླུང་འགྲོ་དང་། གཞུང་ཕྱོགས་རླུང་འགྲོ མཉམ་བསྲེས་རླུང་འགྲོ་བཅས་ཀྱི་བྱེད་ཐབས་ཀྱི་རྨང་གཞིའི་ཐོག་རླུང་འགྲོའི་ཐབས་ལམ་གསར་པ་ཞིབ་སྤེལ་བྱས་ཤིང་། གསར་གཏོད་ཀྱི་བྱེད་ཐབས་དེ་དག་གིས་བྱ་ཚང་གི་དྲོད་སྲུང་སོགས་ཀྱི་ཆ་རྐྱེན་སྔར་བས་ལེགས་སུ་ཕྱིན་ཏེ་བྱ་ཕྲུག་གསོ་ཚགས་བྱེད་པར་ཕན་པ་ཐོན།
ཐོན་སྐྱེད་སྒྲུབ་རིམ་ནས་སྒོ་ང་དང་པོ་དེ་ཐོན་སྐབས་ཀྲང་ཧུང་ལིན་གྱིས་སྐྱེས་མ་ཐག་པའི་ཕྲུ་གུ་དམར་འབྱར་དང་འདྲ་བར་སྒོ་ང་དེ་ལག་ཏུ་བཟུང་ནས་དགའ་འབོད་བྱས།
བོད་ཀྱི་དམིགས་བསལ་གྱི་རང་བྱུང་ཁོར་ཡུག་གི་དཀའ་ངལ་སེལ་རྒྱུ་ནི་གོམ་པ་དང་པོ་སྤོས་པ་ཙམ་ཞིག་ཡིན།
“བོད་ཀྱི་བྱ་དེའི་ཐོན་ལས་འཕེལ་རྒྱས་ཞན་པ་དང་ཐོན་ལས་འཁོར་འབྲེལ་རྐྱང་པ་ཡིན་པའི་ཁར། གཟན་ཆག་ལས་སྣོན་བྱེད་མཁན་ཁེ་ལས་མེད་ལ། བྱ་བྲུན་ཐག་གཅོད་བྱེད་མཁན་གྱི་ཁེ་ལས་ཀྱང་མེད”ཅེས་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཀྱི་ཆུས་ཀྲང་བསོད་ནམས་ཕུན་ཚོགས་ཀྱིས་བཤད།
དེར་བརྟེན་བོད་ལྗོངས་ཧུང་ནུང་ཀུང་སིས་ཆུས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་རྒྱབ་སྐྱོར་ཐོབ་པར་བྱས་ནས་ཀུང་སིའི་ཉེ་འགྲམ་དུ་ཨ་ཤོམ་བཏབ་ནས། གཟན་ཆག་སྤུས་ལེགས་ལས་སྣོན་ཐོན་སྐྱེད་བྱེད་འགོ་བརྩམས།
གོང་འོག་ཀུན་ཏུ་ཁྱབ་པའི་ཐོན་ལས་འཁོར་འབྲེལ་ཞིག་དེ་ནས་བཟུང་ས་མཐོར་ཁྱབ་ཅིང་། མིག་སྔར་བོད་ལྗོངས་ཧུང་ནུང་ཀུང་སིས་གཟན་ཆག་ཨ་ཤོམ་མུའུ་3000ཙམ་ཚོད་འདེབས་བྱས་པ་དང་ས་མཐོར་སྤྱོད་པའི་སྐྱེ་དངོས་ཕྲ་རབ་སྐྱེ་ལྡན་ལུད་ཀྱི་ཐོན་སྐྱེད་སྒྲུབ་རིམ་གྱིས་ཞིབ་སྤེལ་བྱས་པའི་སྐྱེ་ལྡན་ལུད་ཀྱི་དམིགས་ཚད་རྒྱལ་ཁབ་ཀྱི་ཚད་གཞིར་སླེབས་ཡོད།
འདུ་ཤེས་བརྒྱུད་ཁྲིད་བྱས་ནས་ས་མཐོའི་མང་ཚོཌ་ཀྱི་འབབ་འཕར་ཕྱུག་འགྱུར་ལ་རམ་འདེགས་བྱས་པ།
“ང་ཚོས་བོད་དུ་བྱ་དེ་གསོ་བའི་མཐའ་མའི་དམིགས་ཡུལ་ནི་ས་གནས་ཀྱི་མང་ཚོགས་ལ་འབབ་འཕར་ཕྱུག་འགྱུར་ཡོང་བར་བྱ་རྒྱུ་དེ་ཡིན”ཀྲང་ཧུང་ལིན་གྱིས། 2020ལོ་ནས་ད་བར་ཀུང་སིས་སྔ་རྗེས་སུ་མང་ཚོགས་1000ཙམ་རྣམ་གྲངས་འཛུགས་སྐྲུན་ནང་བསྡུས་ཡོད། གླ་ཆ་དང་འཕྲུལ་འཁོར་གླས་པའི་དངུལ་སྒོར་ཁྲི་8700ལྷག་ཙམ་སྤྲད་ཡོད་ལ། ས་གནས་ཀྱི་མང་ཚོགས་142ལས་ཀར་བཅུག་པ་དང་ལོར་གླ་ཆ་བསྡོམས་སྒོར་ཁྲི་1000ལྷག་ཙམ་སྤྲོད་ཀྱི་ཡོད་ཅེས་བཤད།
བོད་ལྗོངས་ཧུང་ནུང་ནི་བཟོ་གྲྭ་ཞིག་ཡིན་ལ། དངོས་སྦྱོང་གི་རྟེན་གཞི་ཞིག་ཀྱང་ཡིན་པས། ས་གནས་མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་ཡོང་བར་སྣེ་ཁྲིད་བྱེད་པའི་རྨང་གཞིའི་ཐོག་ད་དུང་ས་གནས་ལ་དེང་རབས་ཅན་གྱི་འཕེལ་རྒྱས་འདུ་ཤེས་ཀྱང་ཁྱབ་གདལ་བཏང་ཡོད།
ཀྲང་ཧུང་ལིན་གྱིས། ཀུང་སིས་ས་གནས་དེ་གའི་མང་ཚོགས་ལ་གསོ་སྦྱོང་བྱས་ཏེ་སྔོན་ཐོན་ལག་རྩལ་དང་དོ་དམ་ཉམས་མྱོང་སློབ་ཁྲིད་བྱས་ཡོད་ཅེས་བཤད།
བསྟན་འཛིན་ནོར་རྒྱས་ནི་སྣེ་གདོང་ཆུས་ནས་ཡིན་པ་དང་། སློབ་ཆེན་ཐོན་རྗེས་བོད་ལྗོངས་ཧུང་ནུང་དུ་ལས་ཞུགས་ཐུབ་ནས་ད་ཆ་ཀུང་སིའི་དོ་དམ་ལས་ཀ་བྱེད་བཞིན་ཡོད།
བསྟན་འཛིན་ནོར་རྒྱས་ཀྱི་ཁྱིམ་ལ་ཡུལ་བྱ་བཅུ་ཕྲག་ཁ་ཤས་ཡོད་པ་དང་། ཆུང་དུས་ནས་ཕ་མས་བྱ་དེ་ཇི་ལྟར་གསོ་ལུགས་མཐོང་མྱོང་བ་སྟེ། ཞོགས་པ་བྱ་ཚང་ནས་གློད་པ་དང་དགོང་མོ་བྱ་ཚང་ནང་བཅུག་སྟེ་དུས་བཀག་ལྟར་བྱ་ལྟོ་སྟེར་ན་འགྲིག་པར་མཐོང་།
བསྟན་འཛིན་ནོར་རྒྱས་ཀྱིས་ཀྱང་གཞི་ཁྱོན་ཆུང་བའི་གསོ་སྤེལ་བྱེད་ཐབས་དེ་རིགས་ཀྱིས་སྐྱེ་ཁམས་ལ་གནོད་པ་ཆུང་བའི་ངོས་འཛིན་བྱེད་ཅིང་། ཁོང་གིས“གཞི་ཁྱོན་ཆུང་ན་སྦགས་བཙོག་ཆུང་བ་དང་། བྱ་བྲུན་ཡང་ཞིང་ལུད་བྱེད་ཆོག”ཅེས་བཤད།
ཡིན་ནའང་། བོད་ལྗོངས་ཧུང་ནུང་ཀུང་སིར་ལས་ཀ་བྱས་རྗེས་ཁོང་གི་བསམ་བློར་འགྱུར་ལྡོག་ཆེན་པོ་བྱུང་ཡོད།
བོད་ལྗོངས་ཧུང་ནུང་ཀུང་སིས་ས་མཐོའི་ཆེད་སྤྱོད་སྐྱེ་དངོས་ཕྲ་རབ་སྐྱེ་ལྡན་ལུད་ཐོན་སྐྱེད་བྱས་པ་བརྒྱུད་བྱ་བྲུན་སྦགས་བཙོག་མེད་པར་ཐག་གཅོད་བྱེད་ཀྱི་ཡོད། “གཞི་ཁྱོན་ཆེ་ན་སྦགས་བཙོག་ཆེ་བའི་ངེས་པ་མེད། གཙོ་བོ་ཇི་ལྟར་སྒྲུབ་མིན་ལ་ལྟ་དགོས། ཚེ་གང་སློབ་སྦྱོང་བྱས་ནས་རང་ཉིད་ཀྱི་ཕྱོགས་བསྡུས་འགྲན་རྩོད་ནུས་པ་མུ་མཐུད་ཆེ་རུ་གཏོང་དགོས”ཁོང་གིས་གསར་འགོད་པར་ད་ཆ་ངས་ལག་རྩལ་ཁོང་དུ་ཆུད་པ་མ་ཟད། བསམ་བློའི་འདུ་ཤེས་ལའང་འགྱུར་ལྡོག་ཆེན་པོ་ཕྱིན་སོང་ཞེས་བཤད།
བོད་ལྗོངས་ཧུང་ནུང་གིས་བོད་ལ་སྒོ་ངའི་དགོས་མཁོ་བསྐངས་པ་མ་ཟད། ས་གནས་ཀྱི་ཐོན་ལས་འཕེལ་རྒྱས་ལའང་འདུ་ཤེས་གསར་པ་བསྣན། བྱ་གསོ་ར་བར་ཐོན་སྐྱེད་སྒྲུབ་རིམ་ནས་བྱ་སྒོང་རྒྱུན་ཆད་མེད་པར་ཐོན་པ་དང་། ལས་དོན་པས་སྒྲིག་ཆས་སྒྲིག་སྦྱོར་དང་སྙོམས་སྒྲིག་ལས་ལ་བྲེལ་ནས་མི་རིང་བར་ཐོན་སྐྱེད་བྱེད་རྩིས་ཡོད་པའི་དུས་ཐེངས་གཉིས་པའི་རྣམ་གྲངས་ལ་སྟ་གོན་བྱེད་བཞིན་མཆིས།
(ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་འབྱོར་བའི་གློག་འཕྲིན)
འབྲེལ་ཡོད་གསར་འགྱུར།