ས་ཕག་ཁང་པར་གྱེས་ཕྱག་ཕུལ། བདེ་སྡོད་གླིང་དུ་ཁྱིམ་གཞིས་བཙུགས།
—— འཆི་མེད་ཁྱིམ་གྱི“སྡོད་ཁང་གི་འགྱུར་ལྡོག”སྐོར་བཀོད་པ།
འདི་ནི་འཆི་མེད་ཁྱིམ་གྱི་སྒོ་རའི་ཟུར་ཞིག་ཡིན་པ།
ཞོགས་པའི་ཆུ་ཚོད་བརྒྱད་པ་ཙམ་ལ། ལྷ་སའི་རྫོང་རྒྱབ་ཀླུ་ཁང་དུ་སྐྱོད་སྐབས། ཉི་མའི་འོད་ཀྱི་ཟེར་བརྒྱ་ལྗོན་ཤིང་གསེབ་ནས་གསེར་ལམ་ལམ་དུ་འཕྲོས་འོང་། དགུང་ལོ་53ལ་སླེབས་པའི་འཆི་མེད་ཀྱིས་སྙན་འཇེབས་དོད་པའི་རོལ་མོའི་དབྱངས་རྟ་དང་བསྟུན་ནས་ལག་གི་ཕྱག་རྒྱ་རང་དགར་ངོམས་ཏེ། གྲོགས་མོ་ཚོ་དང་ལྷན་དུ་སྐྱིད་སྣང་དོད་པའི་སྒོར་གཞས་འཁྲབ་བཞིན་ཡོད་ཅིང་། དེ་ནི་ངང་པ་མཚོ་ལ་རོལ་བ་བཞིན་ཅི་འདྲའི་སྐྱིད་སྣང་དོད་ཨང་། ཡུད་ཙམ་སོང་རྗེས། མ་གཞི་ཁོང་གི་དཔྲལ་བར་རྔུལ་ཆུའི་ཟིལ་པ་ཐར་ཐོར་འཁོར་ཡང་། བཞིན་རས་ཀྱི་ཁྱོན་ལ་སྔར་བཞིན་འཛུམ་གྱི་པདྨོ་རང་དགར་གྲོལ་ནས་འདུག
འཆི་མེད་ཀྱིས་སྤྱི་གླིང་གི་རྐུབ་སྟེགས་ཐོག་བསྡད་དེ། “རྣལ་བཟོད་བདེ་པོ་འདི་འདྲ་སྔོན་ཆད་བསམ་པའི་ཡུལ་ལའང་འཁོར་མྱོང་མེད”ཅེས་ལོ་ཟླའི་གསེབ་ཏུ་སྦས་པའི་འགྱུར་ལྡོག་དག་རེ་རེ་བཞིན་གླེང་འགོ་བརྩམས།
“ཁྱེད་ཀྱིས་ཆར་ཆུ་མི་འཚོག་པའི་ས་ཕག་གི་ཁང་པ་མཐོང་མྱོང་ངམ། ཕྱི་རོལ་དུ་ཆར་པ་ཆེན་པོ་འབབ་སྐབས། ཁང་པའི་ནང་དུའང་སྒེར་ཆར་བབས་པ་དང་འདྲ་བར་ཐིགས་པ་ཕྲེང་ཐག་ཆད་པ་བཞིན་གང་སར་འཐོར་ཏེ། དུང་བན་སོགས་སྣོད་ཆས་བསྒྲིགས་ནས་ཆར་ཐིགས་གཟེད་དགོས་ཀྱི་ཡོད”ཅེས་འཆི་མེད་ཀྱིས་དྲན་ན་མིག་ཆུ་འཆོར་བའི་ལོ་ཉི་ཤུའི་གོང་གི་དཀའ་སྡུག་གི་ལོ་ཟླ་དག་གླེང་འོང་།
སྐབས་དེ་དུས། འཆི་མེད་ཀྱི་ནང་མི་དྲུག་པོ་ས་ཕག་གི་ཁང་པར་སྡོད་ཀྱི་ཡོད་ཅིང་། གྱང་ལྡེབས་ལ་འདག་ཞལ་བརྒྱབ་ཡོད་པ་དང་། ཁང་ཀླད་དུ་འཇག་རྩྭ་བཏིང་ཡོད་པས། སྡོད་ཁང་གི་ཆ་རྐྱེན་ཧ་ཅང་ཞན། འཆི་མེད་དང་ཁོང་གི་བཟའ་ཟླས་ཉིན་ལྟར་སྐྱ་རེངས་ལ་དབུ་ཁྱུད་བྲིས་ཤིང་སྨག་རུམ་ལ་རྫོགས་ཚིག་བཀོད་དེ། དཔུང་ས་འོག་ཏུ་བཅུག་ནས་ཞོག་ཁོག་དང་ལ་ཕུག་དེ་བཞིན་ནས་ཞིང་ལ་གཡོག་བྱེད་ཀྱིས་་མགོ་ལ་མེ་ཤོར་ཡང་གསོད་ཁོམ་མེད་པ་ལྟར། ལོ་ཕྱེད་ཙམ་བྲེལ་འཚུབ་ཁོ་ནའི་བྲན་དུ་གྱུར་ཡང་། བསྡུས་ཟིན་པའི་ལོ་ཏོག་ལས་བཟའ་འབྲུ་ཏོག་ཙམ་ཉར་བ་ཕུད། དེ་བྱིངས་ལམ་ཐག་སྤྱི་ལེ་ཁ་ཤས་ཆོད་པའི་ཁྲོམ་རར་འཚོང་བར་འགྲོ་གི་ཡོད། ཁོང་གིས། “རྐང་འཁོར་གྱི་རྒྱབ་ཏུ་ལྗིད་ཏིག་ཏིག་གི་རྩྭ་རས་བཀལ་ནས་འགྲོ་ལམ་འབར་འབུར་ཐོག་སྡུག་རུས་ཆེན་པོས་སྐྱོད་སྐབས། ཡམ་ཡོམ་གྱི་ཁྲོད་དུ་ལུས་པོ་ཡོངས་ན་ཟུག་གིས་གཙེས་ཀྱི་ཡོད་ལ། ཉིན་གང་དཀའ་ལས་བརྒྱབ་པར་ཡོང་འབབ་སྒོར་20རག་ཚེ་གང་མིན་ཚད་རེད”ཅེས་བརྗོད།
2003ལོའི་ཟླ་བ་5པར་འགྱུར་ལྡོག་འགྲོ་འགོ་ཚུགས་པ་སྟེ། ཉིན་དེ་རྡོ་བརྐོས་རི་མོ་བཞིན་འཆི་མེད་ཀྱིས་ནམ་ཡང་བརྗེད་ག་ལ་སྲིད། གྲོང་ཚོའི་ལས་བྱེད་པས་དུད་ཚང་སོ་སོའི་སྒོ་རྩར་བསྐྱོད་དེ་ཚང་མར། “སྲིད་གཞུང་གིས་ས་ཆ་བསྡུས་ནས་སློབ་གྲྭ་འཛུགས་རྒྱུ་མ་ཟད། ད་དུང་ང་ཚོར་ཡང་ཁང་པ་གསར་པ་རྒྱག་རྩིས་འདུག”ཅེས་བརྡ་ཐོ་བཏང་། དང་ཐོག་ཁོ་མོ་ཐེ་ཚོམ་ལ་གྱར། འོན་ཀྱང་། མི་རིང་བར། ལས་དོན་པས་ཡུལ་མི་སྒྲིག་འཛུགས་བྱས་ནས་བསྐྲུན་ཟིན་པའི་བདེ་སྡོད་གླིང་དུ་ལྟ་སྐོར་ལ་ཁྲིད། རྒྱ་ཆེ་ལ་དཀར་ཆ་དོད་པའི་ཐོག་ཁང་དང་གཙང་ཞིང་གྲལ་སྟར་འགྲིག་པའི་ཁང་པའི་ནང་གི་བཀོད་པ་དག་མཐོང་སྐབས། ཚང་མ་སྤྲོ་བ་རབ་ཏུ་འཕེལ་ནས། “དེ་གར་སྔ་ཙམ་སྤོ་འདོད་ཆེན་པོ་བྱུང”ཞེས་འཆི་མེད་ཀྱིས་དྲན་པའི་ངོས་སུ་བསྐུངས་པའི་སྐབས་དེའི་གནས་ཚུལ་ལ་ཕྱིར་དྲན་བྱེད་ཞོར་གླེང་།
2008ལོའི་ཟླ་བ་12པར། འཆི་མེད་ཀྱི་ནང་མི་ཚང་མ་དར་དམར་སྡེ་ཁུལ་གྱི་བདེ་སྡོད་གླིང་དུ་སྤོས། “ཁང་པ་གསར་པར་འཛུལ་ཏེ། ཁ་བའི་མདོག་ལ་ཅོ་འདྲི་བའི་དཀར་ཞིང་འཇམ་པའི་གྱང་ལ་རེག་སྐབས། ཡིད་སེམས་རབ་ཏུ་འགུལ་ནས་ང་རང་དགའ་ངུ་ཤོར་བྱུང”ཞེས་བརྗོད། ཁོང་གིས་སྡོད་ཁང་གསར་པའི་བཟོ་བཀོད་ད་ལྟའང་ཡིད་ཀྱི་ཡོལ་བའི་ངོས་སུ་གསལ་ཐིང་ངེར་ངེས་ཡོད་པ་སྟེ། ཧ་ཡང་ལྕགས་བསྲེས་མའི་སྒེའུ་ཁུང་གཙང་མར་འཕྱིས་ཡོད་པ་མ་ཟད། གསང་སྤྱོད་ནང་འདྲེད་འགོག་རྡོ་གཅལ་བཏིངས་ཡོད་པ་དང་། “སྒྲིག་ཆས་གང་དགོས་ཅི་དགོས་ཡོད་ལ། ཁང་པའི་ཤོད་དུ་ཚལ་ཁྲོམ་བཙུགས་ཡོད་པ་དང་། འཁྲིས་སུ་ད་དུང་སྤྱི་གླིང་ཡོད་པས་སྟབས་ཧ་ཅང་བདེ་པོ་འདུག འཚོ་བ་སྐྱ་ནམ་རྒྱས་པོ་འདི་འདྲ་དེ་སྔོན་བསམ་པའི་ཡུལ་ལའང་འཁོར་མྱོང་མེད”ཅེས་བརྗོད།
གྲོང་ཁྱེར་འཛུགས་སྐྲུན་གྱི་གོམ་སྟབས་མགྱོགས་སུ་ཕྱིན་པ་དང་བསྟུན་ནས། ལས་ཞུགས་ལས་གནས་ཀྱང་མང་དུ་ཕྱིན་ཏེ། སྡེ་ཁུལ་གྱིས་ཁྱིམ་ཚང་སོ་སོའི་དངོས་ཡོད་གནས་ཚུལ་ལ་གཞིགས་ནས་བཀོད་སྒྲིག་ལུགས་མཐུན་བྱས་པར། འཆི་མེད་ཀྱི་བཟའ་ཟླ་ཕུར་བུར་ལས་ཁུངས་ག་གེ་མོ་ཞིག་ནས་ཁ་ལོ་བའི་ལས་ཀ་རག་པ་དང་། ཟླ་རེར་གླ་ཕོགས་ཀྲིག་ཅར་ལེན་རྒྱུ་བྱུང་། འཆི་མེད་ཀྱིས་གད་མོ་འཚེར་འཚེར་ངང་མཛུབ་རྩིས་རྒྱག་བཞིན་དུ། “ང་ནམ་རྒྱུན་ཉིན་གླ་རྒྱུག་པར་འགྲོ་གི་ཡོད། ཟླ་རེར་སྒོར་སྟོང་ཕྲག་ཁ་ཤས་རག་གི་འདུག་པས། དེ་སྔ་ཞིང་ཁ་བཏབ་ནས་སྡོད་དུས་ལས་ཡག་པ་འདུག ཕྱིས་སུ། ཕྲུ་གུ་ཚང་མ་རང་རྐྱ་འཕེར་ནས་ལས་ཀ་གཏན་འཇགས་ཡོད་པས། ད་ལྟ་ང་ཚོས་རང་ཉིད་ལ་ལྟ་རྟོག་ཡག་པོ་བྱས་ཏེ། ཚེ་མཇུག་གི་བདེ་སྐྱིད་ལྡན་པའི་འཚོ་བར་རོལ་ན་འགྲིག”ཅེས་བརྗོད།
འགྱུར་ལྡོག་མུ་མཐུད་འགྲོ་བཞིན་ཡོད་པ་སྟེ། ཉེ་བའི་ལོ་ཤས་རིང་། སྡེ་ཁུལ་གྱི་ལས་བྱེད་པས་ཚང་མའི་སྣེ་ཁྲིད་དེ་མཉམ་སྡེབ་དཔལ་འབྱོར་གཉེར་བཞིན་ཡོད་ཅིང་། ལམ་འགྲམ་གྱི་ཁང་པ་དག་ཚོང་ལས་ཁང་པར་བཅོས་ཏེ་བོགས་མར་བཏང་བར། དང་ཐོག་སྒོ་རྩིས་ཚོང་ཁང་གཉེར་མཁན་ཚོང་དུད་ཐར་ཐོར་ལས་མེད་པ་ནས་ད་ལྟ་ཟ་ཁང་དང་། གྱོས་ཆས་ཚོང་ཁང་། ཁ་པར་ཚོང་ཁང་སོགས་སུ་འཕེལ་རྒྱས་བྱུང་ཡོད། འཆི་མེད་ཀྱིས“ན་ནིང་ལོ་མཇུག་ཏུ་ཁེ་སྤོགས་བགོ་སྐབས། གྲོང་ཚོའི་མི་གྲངས་ཉུང་ཤོས་ཀྱི་ཁྱིམ་ཚང་ལའང་སྒོར་ཁྲི་6རག་ཡོད”ཅེས་བརྗོད་པ་དང་། ཁོང་གིས“ད་ཆ། གྲོང་ཚོའི་རྒན་རྒོན་ཚོར་ཟླ་རེར་རྒན་གསོའི་དངུལ་ལེན་རྒྱུ་ཡོད་ལ། སྨན་ཁང་དུ་ལུས་ཀྱང་སྨན་རིན་རྩིས་ཞུ་བྱེད་ཆོག་པས། ཕན་བདེ་སྣ་ཚོགས་གང་དགོས་ཅི་དགོས་འདུག”ཅེས་བརྗོད།
ཁོང་གིས། ལོ་30ཡི་གོང་། འགྲིམ་འགྲུལ་ཡོ་བྱད་ལ་ཆ་བཞག་ན་རྐང་འཁོར་ལས་མེད་དུས་གྲོང་ཁྱེར་དུ་བསྐྱོད་པར་དུས་ཡུན་རིང་པོ་འགོར་གྱི་ཡོད། ད་ཆ། སྡེ་ཁུལ་གྱི་སྒོ་ཁར་སྤྱི་སྤྱོད་རླངས་འཁོར་འབབ་ཚུགས་ཡོད་པ་མ་ཟད། ནང་མི་ལས་ཀར་འགྲོ་སྐབས་ཀྱང་སྒེར་འཁོར་ཡོད་ལ། གནམ་གྲུར་བསྡད་ནས་ཁྲེང་ཏུའུ་དང་ཤིས་ཨན་དུ་བསྐྱོད་ནའང་ཆུ་ཚོད་འགའ་ལས་འགོར་གྱི་མེད་ཅེས་བརྗོད་པ་དང་། ཁོང་གིས། “ཉིན་ཤས་སོང་ན་བུ་ཡང་འཁོར་ཞག་ཡིན་པས། ང་ཚོ་ནང་མི་ཚང་མ་ཁྲེང་ཏུར་ཡུལ་སྐོར་ལ་འགྲོ་རྩིས་ཡོད”ཅེས་བརྗོད་ཅིང་། ཁོང་གིས་ཡུལ་སྐོར་གྱི་འཆར་གཞི་སྔ་ས་ནས་བཏིང་ཟིན་པས། རེ་བས་ཡོངས་སུ་བརྟས་པ་ངང་ངམ་ཤུགས་ཀྱིས་ཚོར་འོང་།
འཆི་མེད་ཀྱིས་སྐད་ཆ་ཤོད་མཚམས་བཞག་སྟེ། ཁྱིམ་དུ་དགུང་ཟས་བཟོ་བར་ལོག ཐབ་ཚང་གི་སྒོ་གཉིས་ཅན་གྱི་འཁྱགས་སྒམ་དུ་ཤིང་ཏོག་དང་། ཚལ་རིགས། དེ་བཞིན་ཞོ་དང་འཁྱགས་ལ་བཏང་བའི་བཟའ་བཅའ་སྣ་ཚོགས་གྲལ་འགྲིག་པོར་བཅུག་འདུག ཚལ་སླང་ནང་གི་སྲོ་ལོ་དང་ཚགས་ཤ་བསྲེས་མའི་ལྗགས་སྨིན་ཞིམ་ཟས་མཐོང་དུས། འཆི་མེད་བློ་ཡིད་ཚིམ་པོ་བྱུང་ཞིང་། ཁོ་མོའི་ཡིད་ཀྱི་ཡོལ་བའི་ངོས་སུ་ས་ཕག་གི་ཁང་པར་སྡོད་རིང་ཐིགས་པ་ཡང་སེ་རྒྱག་པའི་མཚན་མོ་རེ་རེ་དང་། ཁོ་མོས་བསྐྱོད་མྱོང་བའི་འབར་འབུར་གྱི་ལམ་བུ་རེ་རེ་གློག་བརྙན་ཇི་བཞིན་ཝ་ལེར་དྲན། འོན་ཀྱང་། དེ་དག་ཐམས་ཅད་འདས་སོང་གི་རྨི་ལམ་ཙམ་སྟེ། ད་ཆ་ཁོ་མོས་ཚ་སོབ་སོབ་ཀྱི་འཚོ་བ་གསར་པའི་སྒོ་མོ་དལ་གྱིས་རྡུང་བཞིན་ཡོད་ལ། དེ་བས་མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་འབྱུང་འགྱུར་གྱིས་ཁོ་མོར་བསྒུགས་ནས་ཡོད་པ་སྨོས་མ་དགོས།
འབྲེལ་ཡོད་གསར་འགྱུར།