དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • “ཁམ་བུའི་མེ་ཏོག་གྲོང་ཚོ”མཛེས་པོ་འདི་འདྲ་ཡོད་དོན་གང་ཡིན་ནམ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཞའོ་དབྱི།   |     སྤེལ་དུས།  2025-07-15

    ཟླ་6ཚེས་27ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཉིང་ཁྲི་གྲོང་རྡལ་ཀ་ལ་གྲོང་ཚོའི་གྲོང་མི་ཡོངས་ལ་འཕྲིན་ལན་སྤྲིངས་ནས“རེ་བར་ཁྱེད་ཚོས་ཏང་གི་མཐའ་དར་དམངས་ཕྱུག་གི་སྲིད་ཇུས་བཟང་པོའི་ཁྲིད་སྟོན་འོག མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་ཏན་ཏིག་དང་། དེ་བས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་པ། གངས་ལྗོངས་ས་མཐོའི་རང་བྱུང་མཛེས་ལྗོངས་ལ་སྲུང་སྐྱོང་ཡག་པོ་བཅས་བྱས་ཏེ“ཁམ་བུའི་མེ་ཏོག་གྲོང་ཚོའི”སྤུས་རྟགས་དེ་བས་ལེགས་པར་བཏོད་ནས་དར་རྒྱས་བརྟན་ལྷིང་གི་མེས་རྒྱལ་གྱི་མཐའ་མཚམས་འཛུགས་སྐྲུན་བྱ་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་དགོས”ཞེས་གསུངས་ཡོད།

    ཀ་ལ་གྲོང་ཚོར“ཁམ་བུའི་མེ་ཏོག་གྲོང་ཚོ”ཡང་ཟེར་གྱི་ཡོད། དེ་ཡང་རི་ཀླུང་ཀུན་ཏུ་ཁྱབ་པའི་རི་སྐྱེས་ཁམ་བུའི་མེ་ཏོག་ལས་སྐད་གྲགས་ཆོད་ཅིང་། ལོ་ལྟར་དཔྱིད་ཀར་དམར་སྐྱའི་མདངས་རིས་གསལ་བའི་ཁམ་བུའི་མེ་ཏོག་རབ་ཏུ་བཞད་དེ་རྒྱང་རིང་གི་གངས་རི་དང་སྔོ་ལྗང་གི་ཞིང་ཁ་དང་གཅིག་ལ་གཅིག་བརྒྱན་གྱི་ཚུལ་དུ་གནས། རི་མོ་མཁས་པའི་པིར་རྩལ་ལས་འཁྲུངས་པ་ལྟ་བུའི་གངས་ལྗོངས་ས་མཐོའི་མཛེས་ལྗོངས་ནི་དེ་གའི་ཐོན་ཁུངས་རྩ་ཆེན་ཞིག་ཡིན་པས། རྒྱལ་ཡོངས་ས་གནས་ཁག་གི་ཡུལ་སྐོར་བ་མང་པོ་ཞིག་གནས་འདིར་ཡུལ་སྐོར་ལ་ཡོང་རྒྱུའི་ཡིད་དབང་འགུག་བཞིན་ཡོད། ལོ་འདི་དག་ནང་གྲོང་ཚོར་སྤྲིན་ཟམ་དང་རྐང་ཐང་ལམ་གསར་དུ་བསྐྲུན་ཡོད་ལ། ཡུལ་སྐོར་ཞབས་ཞུ་ལྟེ་གནས་དང་རླངས་འཁོར་འཇོག་སའང་སྒྱུར་བཀོད་བྱས་པས་གྲོང་ཚོའི་རྣམ་པ་གསར་རྐྱང་དུ་གྱུར་པ་དང་གྲོང་མི་ཚོར་ཡུལ་སྐོར་གྱིས་ཡོང་འབབ་བྱུང་ཡོད། ན་ནིང་གྲོང་ཚོའི་དཔལ་འབྱོར་ཡོང་འབབ་ཁྱོན་སྒོར་ཁྲི་1400ལྷག་ཙམ་བྱུང་བ་དང་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི་4ལྷག་ཙམ་ཟིན་ཡོད།

    ད་ཆ“ཁམ་བུའི་མེ་ཏོག་གྲོང་ཚོའི”ཡུལ་ལྗོངས་མཛེས་པ་མ་ཟད། ཡུལ་མི་སྤུན་ཟླ་ཚོའི་འཚོ་བ་ཡང་ཉིན་རེ་བཞིན་ཡག་ཏུ་འགྲོ་བཞིན་ཡོད། གྲོང་ཚོ་མཛེས་ལ་ཡུལ་མི་སྤུན་ཟླ་ཚོ་ཕྱུག་པོ་ཆགས་པའི་རྒྱབ་ཏུ་ཕྱོགས་སྡོམ་བྱེད་རིན་ཡོད་པའི་ཉམས་མྱོང་མང་དག་ཅིག་ཡོད།

    སྐྱེ་ཁམས་སྔོན་ལ་འཇོག་རྒྱུ་མཐའ་འཁྱོངས་ཀྱིས་རང་ངོས་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་ནས་འཕེལ་རྒྱས་དོན་གཉེར་བྱས་པ།

    2021ལོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་རྟོག་ཞིབ་གནང་སྐབས“རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག གངས་རི་འཁྱགས་ཀླུང་ཡིན་ཡང་གསེར་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོར་བཙུགས་ནས། འཐབ་ཇུས་ཀྱི་ངེས་གནས་རྒྱུན་འཁྱོངས་བྱས་ཏེ་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་གི་ཆུ་ཚད་མཐོ་རུ་གཏོང་དགོས”ཞེས་གསུངས་ཡོད།

    “ཁམ་བུའི་མེ་ཏོག་གྲོང་ཚོ”འཕེལ་རྒྱས་གཏོང་སྐབས་སྐྱེ་ཁམས་སྔོན་ལ་འཇོག་རྒྱུ་མཐའ་འཁྱོངས་བྱས་ཡོད་ཅིང་། “ཁོར་ཡུག་ནི་རྒྱུ་ནོར་ཡིན་པ་དང་། ཁམ་བུའི་མེ་ཏོག་ནི་མིང་བྱང་ཡིན། གངས་ལྗོངས་ས་མཐོའི་རང་བྱུང་མཛེས་ལྗོངས་སྲུང་སྐྱོང་ཡག་པོ་བྱེད་པའི་འདུ་ཤེས་དེ་གྲོང་མི་ཚང་མའི་སེམས་སུ་གཏིང་ཟབ་ཟུག་ཡོད། ལོ་ཤས་རིང་། གྲོང་མི་ཚོས་ཕྱོགས་གཅིག་ནས་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་ཧུར་ཐག་གིས་སྐྱེ་ཁམས་སྲུང་སྐྱོང་བྱེད་ཐབས་ལག་བསྟར་ནན་པོ་བྱས་པ་དང་། སྐྱེ་ཁམས་ཀྱི་དམར་ཐིག་གསལ་པོ་བཟོས་ཏེ་གང་བྱུང་དུ་གཅོད་འབྲེག་བྱེད་རྒྱུ་གཏན་འགོག་བྱས་པ་དང་། ཕྱོགས་གཞན་ཞིག་ནས་ཤིང་འཛུགས་ནགས་བཟོ་བྱས་ཏེ་རང་ཡུལ་དུ་འདེབས་རྒྱུར་འཚམ་པའི་ཁམ་སྡོང་གི་ས་བོན་བདམས་ཏེ་གསབ་འདེབས་དང་རྩ་སྤོས་རྒྱག་པ་དང་། ཁམ་སྡོང་གི་ཐོན་ཁུངས་སྲུང་སྐྱོང་ཡག་པོ་བྱ་ཆེད་དུས་བཀག་ལྟར་ཁམ་སྡོང་ལ་ཡལ་བཞུར་རྒྱག་པ་དང་རྩྭ་ངན་འཐུ་བ་སོགས་བྱེད་ཀྱི་ཡོད། སྐྱེ་ཁམས་དང་ཐོན་ཁུངས་ལེགས་སུ་ཕྱིན་ཚེ་གཞི་ནས་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་དུ་འགྲོ་ཐུབ་ཅེས་པའི་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་སྤེན་པས་བཤད་པའི་སྐད་ཆ་དེས་མི་རྣམས་ལ་བག་ཆགས་ཟབ་མོ་བཞག་ཡོད།(པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད)

    ཐོན་ལས་གསུམ་མཉམ་འདྲེས་ལ་སྐུལ་འདེད་བཏང་ནས་ཐོན་ལས་འཁོར་འབྲེལ་སྣུར་སྲིང་བྱས་པ་ལས་ཐོན་ལས་ཀྱི་རིན་ཐང་ཆེ་རུ་དང་ཞིང་པར་འབབ་འཕར་བྱུང་ཡོད།

    ཀ་ལ་གྲོང་ཚོས“ཞིང་ལས་དང་། ཡུལ་སྐོར། རིག་གནས་བཅས་ཟུང་དུ་འབྲེལ་བའི”ཐོན་ལས་གསུམ་མཉམ་འདྲེས་བྱེད་སྟངས་བརྒྱུད་ཐོན་ལས་དར་རྒྱས་བྱུང་ཞིང་། ཉིང་ཁྲི་གྲོང་ཁྱེར་གྱིས་ལོ་ལྟར་ཁམ་བུའི་མེ་ཏོག་ཡུལ་སྐོར་རིག་གནས་དུས་ཆེན་གཉེར་གྱི་ཡོད་ཅིང་། དུས་ཡུན་ཟླ་བ་གཅིག་རྒྱུན་མཐུད་ནས་གཉེར་བའི་བྱེད་སྒོས“ཁམ་བུའི་མེ་ཏོག་གྲོང་ཚོ”ཚུད་པའི་ཁུལ་ཡོངས་ཀྱི་བཟའ་བཏུང་དང་དམངས་སྲོལ་གནས་ཚང་སོགས་ཐོན་ལས་འཕེལ་རྒྱས་ལ་སྐུལ་ཁྲིད་ཐུབ་ཡོད། ན་ནིང་ནས་བཟུང་ཀ་ལ་གྲོང་ཚོར་བསྐྲུན་པའི་མུའུ་70ལྷག་ཙམ་གྱི་འཐུ་བསྡུ་གླིང་དུ་འབྲས་བུ་གཅིག་རྗེས་གཉིས་མཐུད་ངང་བཏགས་པས། ཡུལ་སྐོར་བ་ཚོས་མེ་ཏོག་གི་མཛེས་པ་ཁོ་ན་མྱོང་རོལ་བྱེད་པ་ནས“དཔྱིད་དུས་ཁམ་བུའི་མེ་ཏོག་གི་མཛེས་པ་མྱོང་བ་དང་། དབྱར་དུས་ཤིང་འབྲས་འཐུ་བ། སྟོན་དུས་དང་དགུན་དུས་དམངས་སྲོལ་ལ་ལྟ་བ”བཅས་ཀྱི་དུས་ཚིགས་ཧྲིལ་པོའི་ཡུལ་སྐོར་བྱེད་སྟངས་ཀྱིས་ཐོན་ལས་འཁོར་འབྲེལ་སྣུར་སྲིང་ལ་སྐུལ་འདེད་བཏང་བ་དང་། ཐོན་ལས་རིན་ཐང་འཕར་ལམ་སྔར་བས་རྒྱ་སྐྱེད་བཏང་ཡོད།

    ལམ་སྲོལ་གསར་གཏོད་བྱེད་མགྱོགས་སུ་གཏོང་བར་གཞི་རིམ་རྩ་འཛུགས་ཀྱི་ཁྲིད་སྟོན་དང་མང་ཚོགས་ཞུགས་རྒྱུ་ནི་མེད་དུ་མི་རུང་བ་ཞིག་ཡིན།

    གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་གཏོང་བར་ཚན་རིག་དང་མཐུན་པའི་ལམ་སྲོལ་ནུས་ལྡན་གྱི་འགན་ལེན་དང་སྲ་ཞིང་སྟོབས་ཆེའི་གཞི་རིམ་བཅོས་སྐྱོང་དང་ཁ་འབྲལ་ཐབས་མེད་ཅིང་། 2014ལོར་བོད་སྐྱོར་ལས་བྱེད་པའི་རོགས་རམ་འོག་ཀ་ལ་གྲོང་ཚོས་གྲོང་ཚོའི་སྡོད་མལ་ཁོར་ཡུག་བཅོས་སྐྱོང་བྱེད་འགོ་བཙུགས་ནས། རྨང་གཞིའི་སྒྲིག་བཀོད་ཁག་འཐུས་སྒོ་ཚང་དུ་གཏོང་བ་དང་། ཁམ་བུའི་མེ་ཏོག་གླིང་གཅིག་གྱུར་གཉེར་སྐྱོང་བྱས་ཏེ“གྲོང་ཚོ་ཧྲིལ་པོར་སྐུལ་འདེད་དང་། གྲོང་ཚོ་དང་མཛེས་ལྗོངས་མཉམ་འདྲེས”ཀྱི་བསམ་ཕྱོགས་ལྟར“ཁམ་བུའི་མེ་ཏོག་གྲོང་ཚོའི”སྤུས་རྟགས་བཏོད་ཡོད། ད་ཆ་ཀ་ལ་གྲོང་ཚོའི་ཏང་ཀྲི་པུས་སྤྲོ་གསེང་འཐུ་བསྡུ་གླིང་འདི་ཉིད་ཏང་དང་མང་ཚོགས་མཉམ་སྐྲུན་གྱི་དཔེ་སྟོན་ཁུལ་ལ་བརྩིས་ནས། ཏང་ཡོན་གྱི་དཔེ་བཟང་ནུས་པ་འདོན་པ་དང་། སྣེ་ཁྲིད་དེ་གྲོང་ཚོའི་རྣམ་པ་ལེགས་སུ་གཏོང་བ། སྐྱེ་ཁམས་ཡུལ་སྐོར་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཡོད།

    ཡུལ་མི་གྲོང་གསེབ་འཛུགས་སྐྲུན་ནང་ཞུགས་པའི་ཧུར་སེམས་སྐུལ་སློང་ཧུར་ཐག་བྱས་ཚེ་གཞི་ནས་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཀྱི་ནང་སྐྱེས་སྒུལ་ཤུགས་འཕེལ་ཐུབ། ཀ་ལ་གྲོང་ཚོས“མཉམ་སྡེབ་གཉེར་སྐྱོང”དང“ལྗང་མདོག་དངུལ་ཁང”སོགས་གསར་གཏོད་ལམ་སྲོལ་བརྒྱུད། ཤིང་ཏོག་འཐུ་བསྡུ་གླིང་སྐྲུན་སྐབས་ཡུལ་མིས་ཐུན་མོང་ཐོག་མ་དངུལ་གཏོང་བ་དང་། མཉམ་སྡེབ་གཉེར་སྐྱོང་བྱེད་པ། གཅིག་གྱུར་དོ་དམ་བཅས་བྱས་ནས་ཡུལ་མི་ཚོས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་ཐུབ་པར་བྱས་པ་དང་། སྐྱེ་ཁམས་སྐར་གསོག་ལམ་ལུགས་བཙུགས་ནས་ཡུལ་མིའི་ཁོར་ཡུག་སྲུང་སྐྱོང་བྱ་སྤྱོད་དག་དམངས་ཕན་དངུལ་བུན་གྱི་ཡིད་རྟོན་བྱེད་ཚད་ཀྱི་གཞི་འཛིན་ས་གལ་ཆེན་དུ་བརྩིས་ཏེ། ཡུལ་མི་ཚོས་ཁོར་ཡུག་སྲུང་སྐྱོང་ཐད“གཞན་སྐུལ”ནས“རང་འགུལ”དུ་འགྱུར་རྒྱུར་སྐུལ་མ་བཏང་ཡོད།

    “ཁམ་བུའི་མེ་ཏོག་གྲོང་ཚོའི”ཉམས་མྱོང་ལས། སྐྱེ་ཁམས་ཐོན་ཁུངས་ནི་གཞི་རྩ་དང་། ཐོན་ལས་མཉམ་འདྲེས་ནི་ཐབས་ལམ། བཅོས་སྐྱོང་གསར་གཏོད་ནི་འགན་ལེན་བཅས་ཡིན་པ་གསལ་བོར་བསྟན་ཡོད། ང་ཚོས་རང་ངོས་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་ཡུལ་བབ་དང་བསྟུན་ནས་རང་ཉིད་དང་འཚམ་པའི་འཕེལ་རྒྱས་གཏོང་སྟངས་འཚོལ་ཞིབ་བྱས་ཏེ། གྲོང་གསེབ་དེ་བས་མང་བ་ཕྱོགས་ཡོངས་ནས་དར་རྒྱས་གཏོང་བའི་ལམ་བུར“ཁམ་བུའི་མེ་ཏོག་གྲོང་ཚོ”དང་འདྲ་བར་མཛེས་སྡུག་ལྡན་པ་དང་གསོན་ཤུགས་རྒྱས་པར་བྱས་ཏེ། ཞིང་ལས་སྟོབས་ལྡན་དང་། གྲོང་གསེབ་མཛེས་པ། ཞིང་པ་ཕྱུག་པ་བཅས་ཡོང་བར་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།