ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་གྱི་ཧྲི་ཤོག་བཅུ་པའི་ཐོན་ཤོག་185པའི་བརྒྱ་ཤོག་བཞི་པའི་ལས་བཟོ་མཱ་ཅུན་ཝུའུ་ཡིས་བརྗོད་དོན།
“མེས་རྒྱལ་གྱི་ཆེད་དུ་མཐའ་མཚམས་སྲུང་བར་ཁྱད་བསད་མི་ཐུབ་པའི་དཀའ་ངལ་ཅི་ཡང་མེད”
ལྷང་ལྷང་གྲགས་པའི་ཆུ་སྒྲའི་ཁྲོད་དུ་ཆུ་རགས་དང་བར་ཐག་སྨི་བརྒྱའི་སར་སྐྱོད་སྐབས། རྒྱང་ལྟའི་མཐོ་ལྕོག་ཅིག་དང་སོ་ལྟ་ཁང་ཞིག་མཐོང་ཐུབ་པ་དང་དེའི་སྟེང་སྐར་ལྔའི་དར་དམར་ལྷབ་ལྷུབ་ཏུ་གཡོ་བཞིན་མཆིས། དེ་ནི་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་གྱི་ཧྲི་ཤོག་བཅུ་པའི་ཐོན་ཤོག་185པའི་བརྒྱ་ཤོག་བཞི་པའི་ཅུན་ཝུའུ་སོ་ལྟ་ཁང(དེ་སྔའི་སང་ཏེ་ཁེ་སོ་ལྟ་ཁང)རེད་ལ། བརྒྱ་ཤོག་བཞི་པའི་ལས་བཟོ་མཱ་ཅུན་ཝུའུ་ཡི“ཁྱིམ”ཡང་རེད།
སོ་ལྟ་ཁང་དུ་གསར་འགོད་པར་མཱ་ཅུན་ཝུའུ་ཡི་བཟའ་ཟླ་ཀྲང་ཀྲེང་མེ་འཕྲད་ཅིང་། ཀྲང་ཀྲེང་མེ་ཡིས་མཱ་ཅུན་ཝུའུ་སྐོར་གཡེང་བྱེད་སར་མཛུབ་མོ་བཙུགས་ཏེ“ཁོང་ཞོགས་པ་སྔ་པོ་ནས་ལམ་རྒྱགས་ཁྱེར་ཏེ་སྐོར་གཡེང་བྱེད་པར་ཕྱིན་སོང་། ད་དུང་ཡང་ལོག་སླེབས་མ་སོང”ཞེས་བཤད།
ཆུ་འགྲམ་བརྒྱུད་ནས་ཀྲང་ཀྲེང་མེ་ཡིས་བསྟན་པའི་ཕྱོགས་དེར་སྤྱི་ལེ་1ལྷག་ཙམ་སོང་རྗེས། གསར་འགོད་པར་ཚུར་ལོག་ཡོང་བཞིན་པའི་མཱ་ཅུན་ཝུའུ་འཕྲད། ཁོང་གིས་དམག་ཆས་ཆ་ཚང་ཞིག་གྱོན་པ་དང་སྦྲང་འགོག་ཞྭ་མོས་མགོ་དང་གདོང་པ་དམ་པོར་བཏུམས་ཤིང་། ཕྲག་ཏུ་རས་ཁུག་ཅིག་ཁུར་བའི་ནང་ལམ་རྒྱགས་དང་མཐའ་མཚམས་ལྕགས་དྲ་ཉམས་བཟོ་བྱེད་པའི་སྐམ་པ་དང་ལྕགས་སྐུད་བླུགས་འདུག ཁོང་འདི་གར་སྐོར་གཡེང་བྱས་ནས་ད་བར་ལོ་37སོང་ཡོད།
1988ལོའི་དཔྱིད་ཀར། ཨ་ལ་ཁེ་པེ་ཁེ་གཙང་པོར་ཆུ་ལོག་ཆེན་པོ་ཞིག་ཐོན་ནས་རགས་ཁ་ཤོར་ཏེ་ཐོན་ཤོག་185གནས་སའི་ཕྱོགས་སུ་དྲག་ཏུ་རྒྱུག ལོ་19ལ་སླེབས་པའི་མཱ་ཅུན་ཝུའུ་དང་ལས་རོགས་ཚོས་ཉིན་མཚན་16དཀའ་སྤྱད་འབད་འཐབ་བྱས་པ་བརྒྱུད། གཞི་ནས་ཆུ་ལོག་དེ་ཆུ་ལམ་རྙིང་པར་དྲངས་ཐུབ་ཙམ་བྱུང་ཡོད།
ཆུ་ལོག་ཆད་རྗེས། ས་གནས་དེས་ཆུ་འགྲམ་དུ་སོ་ལྟ་ཁང་ཞིག་བཙུགས་པ་དང་ལོ་ཟླ་འཁོར་མོར་བཅའ་སྲུང་བྱེད་མཁན་ཞིག་དགོས་ཀྱི་ཡོད། མཱ་ཅུན་ཝུའུ་ཡིས་རང་འགུལ་ངང་རེ་ཞུ་བྱས་ཏེ་སོ་ལྟ་ཁང་གི་མཐའ་སྲུང་བ་དང་པོ་དེར་གྱུར། མཱ་ཅུན་ཝུའུ་ཡིས“སོ་ལྟ་ཁང་དུ་སླེབས་མ་ཐག་པའི་སྐབས། དགོང་མོ་གཅིག་པུར་ས་ཕག་ཁང་པའི་ནང་ཉལ་བ་དང་ལྷགས་པ་འུར་འུར་ལྡང་སྐབས་སེམས་ནང་སྐྲག་སྣང་ཆེན་པོ་སྐྱེ་གི་འདུག ཡིན་ཡང་ཆུ་རྒྱས་ཚུལ་ལ་ལྟ་བ་དང་། ཆུ་རགས་སྲུང་བ། མཐའ་མཚམས་སྐོར་གཡེང་། ནགས་ཚལ་སྲུང་སྐྱོང་བཅས་ཀྱི་འགན་འཁྲི་ཁུར་དགོས་ཀྱི་ཡོད། མེས་རྒྱལ་གྱི་ཆེད་དུ་མཐའ་མཚམས་སྲུང་བར་ཁྱད་བསད་མི་ཐུབ་པའི་དཀའ་ངལ་ཅི་ཡང་མེད”ཅེས་བཤད།
1992ལོར་མཱ་ཅུན་ཝུའུ་དང་ཀྲང་ཀྲེང་མེ་གཉེན་སྒྲིག་བྱས། དུས་དེ་ནས་བཟུང་སོ་ལྟ་ཁང་དུ་བྲེལ་འཚུབ་ཆེ་བའི་གྲིབ་གཟུགས་ཤིག་མང་དུ་ཕྱིན་པ་དང་ཀྲང་ཀྲེང་མེའང་ཁོང་གི་སྐོར་གཡེང་དང་ལས་སྒྲུབ་ཀྱི་མཛའ་བརྩེའི་འཐབ་གྲོགས་སུ་གྱུར། མཱ་ཅུན་ཝུའུ་བཟའ་ཚོ་གཉིས་པོས་ལོ་གཅིག་དུས་བཞི་ཚང་མར་སྤྱི་ལེ་20ལྷག་ཙམ་གྱི་མཐའ་མཚམས་ལམ་ཐིག་དེར་འཚོ་བ་སྐྱེལ་གྱི་ཡོད།
ལོ་ལྟར་དཔྱིད་དུས་སུ་ཨ་ལ་ཁེ་པེ་ཁེའི་ཆུ་ཁ་མཐོ་རུ་འགྲོ་བས་མཱ་ཅུན་ཝུའུ་ཡིས་མཚན་མོ་ཆུ་ཚོད་གཉིས་རེར་མལ་ལས་ཐེངས་རེ་ལངས་ཏེ་ལྟ་བར་འགྲོ་དགོས་པ་དང་སྒེའུ་ཁུང་ཕྱེ་ནས་གཉིད་ཉལ་གྱི་ཡོད། “དེ་ལྟར་བྱས་ཚེ་ཆུ་སྒྲ་ཉན་ཐུབ་ལ་རགས་ཁ་ཤོར་ཚེ་དུས་ཐོག་ཏུ་ཕྱིར་དོན་ཐུབ”ཅེས་མཱ་ཅུན་ཝུའུ་ཡིས་བཤད།
ལོ་ཞིག་གི་འབྲུབ་དུས་སུ་ཆུ་རགས་བརྡོལ་ནས་ཆུ་ཐོན་སྐབས་ཁོང་གིས་ཉེན་ཁར་མི་འཛེམ་པར་ཆུ་ནང་དུ་མཆོངས་ཏེ་རང་གི་ལུས་པོས་རགས་ཁ་ཤོར་ས་བཀག་པ་དང་ཀྲང་ཀྲེང་མེ་ཡིས་བྱེ་ཁུག་ཁྱེར་ཡོང་ནས། བཟའ་ཚོ་གཉིས་པོས་ཆར་པའི་ཁྲོད་ཆུ་ཚོད་3ལྷག་ཙམ་དཀའ་ལས་བརྒྱབ་མཐར་གཞི་ནས་ཉེན་ཁ་སེལ་ཐུབ་ཡོད།
དབྱར་དུས་མཐའ་མཚམས་སུ་དུག་སྦྲག་ཧ་ཅང་མང་པོ་ཡོད། མཱ་ཅུན་ཝུའུ་ཕྱིར་སྐོར་གཡེང་དུ་སྐྱོད་སྐབས་གདོང་ལ་ཁྲའེ་ཡིའུ་སྣུམ་ནང་སྦངས་པའི་སེང་རས་གྱོན་གྱི་ཡོད། འོན་ཀྱང་དེས་གདོང་པར་ཚ་ཤུར་རྒྱག་པ་མ་ཟད་སྐྲངས་ཀྱི་ཡོད།
སྟོན་དུས་སུ་རྩྭ་རྩི་ཤིང་སྐམ་འགྲོ་བས་ནགས་ཚལ་གྱི་མེ་སྐྱོན་ཡང་ཡང་ཐོན་གྱི་ཡོད། 2002ལོའི་ཟླ་བ་དགུ་པའི་ཉིན་གུང་ཞིག་ལ་མཱ་ཅུན་ཝུའུ་ཡིས་རྒྱང་ལྟའི་མཐོ་ལྕོག་ནས་ཆུའི་ཕ་རོལ་དུ་དུ་བ་ལང་ལོང་དུ་འཕྱུར་བ་མཐོང་མ་ཐག་ལམ་སེང་གོང་རིམ་ལ་སྙན་སེང་ཞུས། མེ་སྐྱོན་མཐའ་མཚམས་སུ་མ་མཆེད་གོང་ཡུལ་དམག་300ལྷག་ཙམ་ཡོད་པའི་འཕྲལ་སྡོམ་ཡན་ལག་རུ་ཁག་ཅིག་མྱུར་དུ་འབྱོར་བ་དང་མཱ་ཅུན་ཝུའུ་ཡིས་ཁོང་ཚོ་དང་མཉམ་དུ་ཛ་དྲག་ངང་བྱ་སྤྱོད་སྤེལ་མཐར་མེ་གསོད་ཐུབ་ཡོད།
དགུན་དུས་ཀྱི་སོ་ལྟ་ཁང་དུ་གངས་གསོག་ཐེབས་ཚད་སྨི་ཕྱེད་ཀ་ལྷག་ཙམ་ཟིན་ནས་དྲོད་ཚད་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་40ཙམ་བར་ཆག་གི་ཡོད། མཱ་ཅུན་ཝུའུ་ཡིས་གངས་ཁྲོད་དུ་ལམ་བཤངས་ནས་སྐོར་ཞིབ་བྱེད་དགོས་པས། སོ་ལྟ་ཁང་དུ་ལོག་རིམ་བཞིན། ཁོང་གི་མིག་སྤུ་དང་། སྨ་ར། སྐྲ་བཅས་ཚང་མ་འཁྱགས་པ་ཐེབས་ནས་འབྱར་ཡོད།
མཱ་ཅུན་ཝུའུ་ཡིས་མཐའ་སྲུང་སྐོར་ཞིབ་བྱས་ནས། འགྱིག་ལྷམ་400ལྷག་ཙམ་དང་ལས་གོས་40ལྷག་ཙམ་རལ་བ་མ་ཟད། མཐའ་མཚམས་གནས་ཚུལ་སྐོར་གྱི་ཉིན་ཐོ་དེབ་20ལྷག་ཙམ་བྲིས་པ་དང་། ལོ་37བསྟུད་མར་སྲུང་བྱའི་ས་ཁོངས་སུ་མཐའ་སྲུང་སྲིད་ཇུས་ལས་འགལ་བའི་དོན་རྐྱེན་དང་ཕྱི་འབྲེལ་དོན་རྐྱེན་གཅིག་ཀྱང་ཐོན་མེད་པའི་ཟིན་ཐོ་བཏོད་ཡོད།
ད་ཆ་ཅུན་ཝུའུ་སོ་ལྟ་ཁང་གི་ཆ་རྐྱེན་ཇེ་ལེགས་སུ་ཕྱིན་ནས། མཐོ་ཚད་སྨི་20ཙམ་ཟིན་པའི་རྒྱང་ལྟའི་མཐོ་ལྕོག་དང་ཁང་པ་གསར་པ་བརྒྱབ་པ་དང་། ཉི་ནུས་ལམ་སྒྲོན་དང་འཕྲུལ་མིག་སྒྲིག་ཆས་བཙུགས་པ་མ་ཟད། ད་དུང་སོ་ལྟ་ཁང་གིས་ལས་སྒྲུབ་བྱ་ཡུལ་དང་མཐའ་སྲུང་བ་མང་དུ་བཏང་ཡོད་ལ། སོ་ལྟ་ཁང་གི་མི་གཞན་དག་གིས་མཱ་ཅུན་ཝུའུ་མིག་དཔེར་འཛིན་གྱི་ཡོད་པ་རེད།
“སྤྱི་ལེ་20ལྷག་ཙམ་གྱི་ལམ་བུ་འདི་ངས་མིག་བཙུམས་ནས་ཕྱིན་ནའང་ལམ་ནོར་ཐེབས་མི་སྲིད། ང་ནི་གུང་ཁྲན་ཏང་ཡོན་ཞིག་ཡིན་པས། ངས་མེས་རྒྱལ་གྱི་མཐའ་མཚམས་ཡག་པོ་སྲུང་གི་ཡིན”ཞེས་མཱ་ཅུན་ཝུའུ་ཡིས་བརྗོད།
འབྲེལ་ཡོད་གསར་འགྱུར།