“ཨ་རི་དང་ཀྲུང་གོ་རྒྱལ་ཁབ་གཉིས་དབར་གྱི་མཉམ་ལས་ཀྱི་སྙིང་སྟོབས་ཆེ་རུ་གཏོང་དགོས”
—— ཨ་རིའི་མོང་ཀོ་མཱ་ལི་ཅུན་སློབ་གསོ་ཅུས་ལུས་རྩལ་པུའུ་ཡི་ཀྲུའུ་རེན་ཧྲ་ལི་ཝུན་ལ་བཅར་འདྲི་ཞུས་པ།
ཉེ་ཆར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་འབྱུང་འགྱུར་ལོ་ལྔའི་ནང་ཨ་རིའི་གཞོན་ནུ་ལོ་ཆུང་ཁྲི་ལྔ་ཀྲུང་གོར་སྤེལ་རེས་དང་སློབ་སྦྱོང་ལ་གདན་འདྲེན་པའི་གྲོས་འགོ་ལྟར། ཀྲུང་གོར་འཚམས་འདྲིར་སླེབས་པའི་ཨ་རིའི་མཱ་ལི་ལན་ཀྲོའུ་མོང་ཀོ་མཱ་ལི་ཅུན་གཞོན་ནུ་ལོ་ཆུང་གི་ཕི་ཁེ་སྤོ་ལོའི་རིག་གནས་སྤེལ་རེས་ཀྱི་ཀྲུང་གོར་འཚམས་འདྲི་བྱེད་མཁན་ཚོགས་པའི་དགེ་སློབ་ལ་ལྗགས་ལན་གནང་བ་རེད། མོང་ཀོ་མཱ་ལི་ཅུན་སློབ་གསོ་ཅུས་ལུས་རྩལ་པུའི་ཀྲུའུ་རེན་ཅེ་ཧྥུའུ་ལི·ཧྲ་ལི་ཝུན་གྱིས་འདི་ག་ཚགས་པར་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། “ང་ཚོའི་དགེ་རྒན་དང་ལས་བཟོ་དང་། ཁྱིམ་བདག ལུས་རྩལ་སློབ་མ་བཅས་ཀྱིས་གནས་ཚུལ་དེ་ཤེས་རྗེས་སེམས་འགུལ་ཚད་མེད་ཐེབས་བྱུང་། ང་ཚོས་ད་ཐེངས་ཀྱི་ལུས་རྩལ་ལས་མཛའ་གཅུགས་ཟབ་ཏུ་ཕྱིན་པའི་མྱོང་རྒྱུས་ནམ་ཡང་སེམས་ལ་འཇོག་གི་ཡིན”ཞེས་བརྗོད།
ད་ལོའི་ཟླ་4པར། ཧྲ་ལི་ཝུན་གྱིས་མོང་ཀོ་མཱ་ལི་ཅུན་གྱི་སློབ་གྲྭ་ཁག་13གྱི་དགེ་སློབ་44ཡི་སྣེ་ཁྲིད་དེ། ཧྲང་ཧའེ་དང་། ཧྲེན་ཀྲེན། པེ་ཅིང་སོགས་སུ་འཚམས་འདྲིར་ཡོང་། ཀྲུང་གོར་འཚམས་འདྲི་མཇུག་འགྲིལ་རྗེས། ཀྲུང་གོར་འཚམས་འདྲི་བྱེད་མཁན་ཚོགས་པའི་དགེ་སློབ་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་འཕྲིན་ཡིག་སྤྲིངས་ནས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི“ལོ་ལྔར་ཁྲི་ལྔའི”གྲོས་འགོར་ཐུགས་རྗེ་ཆེ་ཞུས་པ་དང་། ད་ལོའི་ཟླ་བཞི་པར། ཁོང་ཚོས་ཀྲུང་གོར་འཚམས་འདྲི་བྱས་པ་མ་ཟད། ཕི་ཁེ་སྤོ་ལོའི་སྤེལ་རེས་བྱས་པའི་མྱོང་བ་ངོ་སྤྲོད་བྱས་ཤིང་། ད་ཐེངས་ཀྲུང་གོའི་གཞོན་ནུ་ལོ་ཆུང་གྲོགས་པོ་ཚོ་དང་བརྗེད་དཀའ་བའི་མཛའ་གྲོགས་ཀྱི་འབྲེལ་བ་ཆགས་སོང་། ཀྲུང་གོའི་གཞོན་ནུ་ལོ་ཆུང་ཨ་རིར་འཚམས་འདྲིར་ཡོང་རྒྱུའི་རེ་བ་ཡོད་ཅེས་བརྗོད། ཀྲུང་གོར་འཚམས་འདྲི་བྱེད་མཁན་ཚོགས་པའི་དགེ་སློབ་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་ཕུལ་བའི་འཕྲིན་ཡིག་ནང་། “ཁྱེད་ཀྱི་གཟིགས་རྒྱང་རིང་པོ་དང་སྐུ་ལས་ཚད་མེད་བསྐྱོན་པ་ལས། ང་ཚོ་རྒྱལ་ཁབ་གཉིས་དང་སློབ་མ་ཚོར་ཕན་ཚུན་འགྲོ་འོང་དང་། མཛའ་གཅུགས་གསར་ཟམ་བསྐྲུན་པ། ཕན་ཚུན་རིག་གནས་ཤེས་རྟོགས་བཅས་ཀྱི་གོ་སྐབས་བསྐྲུན་གནང་བར་སླར་ཡང་ཐུགས་རྗེ་ཆེ་ཞུ་གི་ཡིན”ཞེས་འཁོད་ཡོད།
འཚམས་འདྲི་བྱེད་རིང་། མོང་ཀོ་མཱ་ལི་ཅུན་གྱི་སློབ་མ་ཚོས་ད་དུང་ཀྲུང་གོའི་སློབ་གྲྭར་ལྟ་སྐོར་ཡང་བྱས་ནས་སྣ་མང་ཕུན་སུམ་ཚོགས་པའི་རིག་གནས་བྱེད་སྒོ་ཉམས་ལེན་བྱས་ཡོད། ཧྲ་ལི་ཝུན་གྱིས། “བྱེད་སྒོ་དེ་དག་ལས་ང་ཚོས་ཀྲུང་གོའི་ལོ་རྒྱུས་ཀྱི་ནང་དོན་ཟབ་མོ་དང་གསར་གཏོད་ཀྱི་མདུན་ལྗོངས་མཐོང་བྱུང”ཞེས་དང་། སློབ་གྲྭར་ལྟ་སྐོར་བྱེད་སྐབས་ས་གནས་དེ་གའི་སློབ་མའི་ངོ་མཚར་ཆེ་བའི་འཁྲབ་སྟོན་དང་སྤྲོ་སེམས་འཁོལ་བའི་དགའ་བསུ་ལས་མི་རྣམས་ལ་བག་ཆགས་ཟབ་མོ་བཞག་བྱུང་ཞེས་བརྗོད་པ་དང་། ཁོང་གིས། “ང་ཚོའི་སློབ་མ་དང་ཀྲུང་གོའི་སློབ་གྲོགས་དབར་ལྷག་བསམ་ཟོལ་མེད་ཀྱི་མཛའ་གཅུགས་ཟབ་མོ་ཆགས་པས་མི་རྣམས་ལ་སྐུལ་མ་ཆེན་པོ་ཐེབས་ཡོད”
“རྒྱལ་ཁབ་དང་རྒྱལ་ཁབ་དབར་གྱི་འབྲེལ་བ་ནི་མི་སྒེར་དབར་གྱི་སྤེལ་རེས་ནས་འགོ་འཛུགས་དགོས། ང་ཚོའི་རིག་གནས་དབར་ཁྱད་པར་ཡོད་མོད། འོན་ཀྱང་། འདྲ་བའི་ཆ་མི་ཉུང་བ་ཞིག་ལྡན་པས། མཐུན་ཆ་འཚོལ་བའི་གོ་སྐབས་ཀྱང་མང་པོ་ཡོད། དེ་ནི་ཨ་རི་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་སློབ་མའི་དབར་བཙུགས་པའི་མཛའ་གཅུགས་ཁྲོད་ནས་ཧ་ཅང་གསལ་པོར་མཚོན་ཐུབ”ཅེས་ཧྲ་ལི་ཝུན་གྱིས་བཤད་པ་དང་། ཁོང་གིས། “ངོ་མཚར་ཆེ་བའི་འབྲེལ་འདྲིས་དེ་རིགས་བྱེད་སྒོ་སྤེལ་ཡུལ་སྣ་ཚོགས་ཁྲོད་དུ་རིམ་བཞིན་ཆགས་པ་དང་། ད་ལྟ་བསམ་བློར་འཁོར་སྐབས་སྔར་བཞིན་སེམས་འགུལ་ཚད་མེད་ཐེབས་ཀྱི་འདུག ང་ཚོས་དེ་འགོ་འཛུགས་ས་ཞིག་ཏུ་བྱས་ནས། འབྱུང་འགྱུར་ཨ་རི་དང་ཀྲུང་གོའི་དབར་སྤེལ་རེས་བྱེད་སྒོ་སྤེལ་བའི་གོ་སྐབས་དེ་བས་མང་བ་ཐོབ་པའི་རེ་བ་བྱེད་བཞིན་ཡོད”ཅེས་བརྗོད།
ཧྲ་ལི་ཝུན་གྱིས། “ང་ཚོས་ཀྲུང་གོར་གདེང་འཇོག་བཟང་པོ་བྱེད་ཀྱི་ཡོད”ཅེས་དང་། ཁོང་གིས། མི་རིང་བར། ཀྲུང་གོའི་སློབ་མ་ཁག་གཅིག་མོང་ཀོ་མཱ་ལི་ཅུན་དུ་འཚམས་འདྲིར་གདན་འདྲེན་ཐུབ་པའི་རེ་བ་ཡོད་ལ། འབྱུང་འགྱུར་གོ་སྐབས་དེ་བས་མང་བར་བརྟེན་ནས་ཕི་ཁེ་སྤོ་ལོའམ་ལུས་རྩལ་བྱེད་སྒོ་གཞན་དག་བརྒྱུད། སླར་ཡང་ཀྲུང་གོར་འཚམས་འདྲིར་ཡོང་ཐུབ་པའི་རེ་བ་བྱེད་ཀྱི་ཡོད། “ང་ཚོས་ཀྲུང་གོའི་ལས་རིགས་གཅིག་པ་དང་འབྲེལ་བ་རྒྱུན་མཐུད་བྱེད་ཀྱི་ཡིན”ཞེས་བརྗོད།
འབྲེལ་ཡོད་གསར་འགྱུར།