“དེ་བས་ལྗང་མདོག་དང་གསར་གཏོད་ཀྱི་པར་ཙིར་ཞིག་བསུ”
པི་ཡ་ཏིའི་པར་ཙིར་གྱི་འགྲུལ་སྤྱོད་རླངས་འཁོར་བཟོ་གྲྭའི་རླངས་འཁོར་ཐོག་མ་བཟོས་ཟིན་པ།
འདི་ནི་རླངས་འཁོར་ཐོག་མ་བཟོ་གྲྭ་ནས་འདོན་པའི་མཛད་སྒོར་དེ་གའི་དམངས་ཚོགས་མི་ཉུང་བས་བང་བསྒྲིགས་ནས་འགྲེམས་འཁོར་དང་མཉམ་པར་རྒྱག་བཞིན་པ།
ཉིན་ཤས་གོང་། པར་ཙིར་གྱི་པཱ་དབྱི་ཡཱ་ཀྲོའུ་ཁཱ་མཱ་སཱ་ལི་གྲོང་ཁྱེར་དུ། འཕྲུལ་ཆས་ཀྱི་ལྡིར་སྒྲ་དང་། ཐལ་མོའི་རྡེབ་སྒྲ། དགའ་སྤྲོའི་འབོད་སྒྲ་བཅས་མཉམ་དུ་གྲགས་པ་དང་བསྟུན་ནས། པི་ཡ་ཏིའི་པར་ཙིར་འགྲུལ་སྤྱོད་རླངས་འཁོར་བཟོ་གྲྭས་པར་ཙིར་དུ་བཟོས་པའི་ནུས་རྒྱུ་གསར་པའི་རླངས་འཁོར་ཐོག་མ་བཟོ་གྲྭ་ནས་བཏོན་ཞིང་། བཟོ་གྲྭ་བསྐྲུན་པ་ནས་རླངས་འཁོར་བཟོ་བའི་བར་དུས་ཡུན་ཟླ་བ་15ལས་འགོར་མེད་པ་རེད།
པཱ་དབྱི་ཡཱ་ཀྲོའུ་ཡི་ཀྲོའུ་ཀྲང་རེ་ལུའོ་ཉེ་མོ·ལུའོ་ཏེ་ལི་ཀེ་སིས་མཛད་སྒོའི་ཐོག “པི་ཡ་ཏིའི་པར་ཙིར་གྱི་འགྲུལ་སྤྱོད་རླངས་འཁོར་བཟོ་གྲྭའི་རླངས་འཁོར་ཐོག་མ་བཟོས་ཟིན་པས། དེ་ནི་པར་ཙིར་གྱི་ཐོན་ལས་འཕེལ་རྒྱས་ཀྱི་མཚོན་རྟགས་གལ་ཆེན་ཞིག་ཡིན་ལ། པར་ཙིར་དང་ཀྲུང་གོའི་མཉམ་ལས་ཀྱི་ལེའུ་གསར་པ་ཞིག་ཀྱང་ཡིན། ང་ཚོས་དེ་བས་ལྗང་མདོག་དང་གསར་གཏོད་ཀྱི་པར་ཙིར་ཞིག་བསུ་རྒྱུའི་གྲ་སྒྲིག་ཨང་གསར་བྱས་ཡོད”ཅེས་བརྗོད་པ་དང་། ཁོང་གིས། ཀྲུང་གོའི་ཁེ་ལས་ཀྱིས་མ་དངུལ་བཏང་ནས་བསྐྲུན་པའི་ནུས་རྒྱུ་གསར་པའི་རླངས་འཁོར་ཧྲིལ་པོའི་བཟོ་སྐྲུན་རྟེན་གཞི་འདིར་བརྟེན་ནས། པར་ཙིར་གྱི་ལྗང་མདོག་བཟོ་ལས་འཕེལ་རྒྱས་དང་ནུས་རྒྱུ་ཕྱོགས་སྒྱུར་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་ཅེས་བརྗོད། 2023ལོའི་ཟླ་བ་བདུན་པར། པི་ཡ་ཏིའི་ཀུང་སིས་ཁཱ་མཱ་སཱ་ལི་གྲོང་ཁྱེར་དུ་ནུས་རྒྱུ་གསར་པའི་འགྲུལ་སྤྱོད་རླངས་འཁོར་ཐོན་སྐྱེད་རྟེན་གཞི་ཆེ་གྲས་བསྐྲུན་རྒྱུ་དང་། རླངས་འཁོར་ཧྲིལ་པོ་དང་། གློག་རྫས། གློག་འཕྲུལ་སོགས་ཀྱི་ཐོན་སྐྱེད་གཞི་གཅིག་ཏུ་བསྡུས་པའི་ཐོན་སྐྱེད་རྟེན་གཞི་ཆེ་གྲས་ཀྱི་ཕྱོགས་བསྡུས་དངོས་ཚན་འཛུགས་འཆར་ཡོད་ཅེས་ཁྱབ་བསྒྲགས་བྱས་ཤིང་། རྣམ་གྲངས་ཡོངས་སུ་གྲུབ་རྗེས། སྔོན་དཔག་བྱས་ན། ལོ་རེར་ནུས་རྒྱུ་གསར་པའི་རླངས་འཁོར་ཁྲི་15རེ་ཐོན་སྐྱེད་ཐུབ་རྒྱུ་མ་ཟད། ས་གནས་དེ་གར་ལས་ཞུགས་ལས་གནས་ཁྲི་2ཙམ་མཁོ་འདོན་ཐུབ་ཀྱི་ཡོད།
བཟོ་ཁུལ་ཀྱི་ཐོག་ཁར་ཉི་ནུས་འོད་ཤུགས་ཀྱི་རྒྱ་ཕིབས་དང་། ཆར་ཆུ་འཐེན་པའི་མ་ལག རིག་ནུས་ནུས་རྒྱུ་དོ་དམ་སོགས་ལྗང་མདོག་ལག་རྩལ་སྤྱད་ཡོད་པ་དང་། སྒུལ་ཤུགས་གློག་རྫས་ཁག་གཅིག་ས་གནས་དེ་གར་བཟོས་ནས་རླངས་འཁོར་ཧྲིལ་པོ་རང་ཡུལ་ཅན་གྱི་ཐོན་སྐྱེད་ལ་སྐུལ་འདེད་གཏོང་རྩིས་ཡོད་པ་རེད། པི་ཡ་ཏིའི་ལག་བསྟར་ཙུང་ཚའེ་གཞོན་པ་ལི་ཁེས། པི་ཡ་ཏིས་རང་ངོས་ཀྱི་ལག་རྩལ་ཐད་ཀྱི་ལེགས་ཆ་དང་པར་ཙིར་གྱི་འཕེལ་རྒྱས་དགོས་མཁོ་ཟུང་འབྲེལ་མུ་མཐུད་བྱས་ནས། པར་ཙིར་ལ་ལྗང་མདོག་ཕྱོགས་སྒྱུར་མངོན་འགྱུར་བྱེད་རོགས་བྱེད་ཀྱི་ཡིན་ཞེས་བརྗོད།
ཁཱ་མཱ་སཱ་ལི་གྲོང་ཁྱེར་གྱི་ཧྲི་ཀྲང་ལུའུ་དབྱི་སི·ཁ་ལུའོ་སི·ཁཱ་ཨའེ་ཐཱ་ནུའོ་ཡིས། ཀྲུང་གོས་པར་ཙིར་དུ་ཁེ་ལས་བཙུགས་པ་ལས་ཐོན་ལས་ཁྱུ་ཚོགས་ཀྱི་ཕན་འབྲས་ཆེ་རུ་ཕྱིན་ནས། ཀྲུང་གོའི་མ་འཇོག་ཁེ་ལས་དང་མཉམ་ལས་ཁེ་ལས་མི་ཉུང་བས་པཱ་དབྱི་ཡཱ་ཀྲོའུ་ལ་མ་རྩ་འཇོག་འདོད་ཡོད་ཅེས་བཤད་བྱུང་། ཁེ་ལས་ཁག་གཅིག་གིས་ཁཱ་མཱ་སཱ་ལི་གྲོང་ཁྱེར་དུ་ས་ཆ་འདེམས་ཉོ་བྱེད་འགོ་ཚུགས་ཡོད་ཅེས་བརྗོད།
པར་ཙིར་ཙུང་ཐུང་ལས་ཤག་གི་དབུ་བཞུགས་པུའུ་ཀྲང་ལུའུ་དབྱི·ཁོ་སི་ཐཱ་ཡིས། “པར་ཙིར་གྱི་ལྗང་མདོག་ཚན་རྩལ་ཐོན་ལས་དང་ཞིབ་འཇུག་གསར་སྤེལ་མ་ལག་འཛུགས་སྐྲུན་ནང་ཀྲུང་གོའི་ཁེ་ལས་ཞུཌ་པར་ང་ཚོས་དགའ་བསུ་ཞུ་གི་ཡིན”ཞེས་དང་། “པར་ཙིར་དང་ཀྲུང་གོའི་མཛའ་གཅུགས་ཟབ་ཏུ་ཕྱིན་པ་དང་བསྟུན་ནས། མ་འོངས་པར་རྣམ་གྲངས་དང་མ་འཇོག་དེ་བས་མང་བ་གྲུབ་འབྲས་དངོས་སུ་འགྱུར་བར་ང་རང་ཡིད་ཆེས་ཡོད”ཅེས་བརྗོད།
འབྲེལ་ཡོད་གསར་འགྱུར།