དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རབས་གཉིས་པའི་གྲོང་མིའི་ཐོབ་ཐང་ལག་ཁྱེར་བརྗེ་མཁན་མང་ཤོས་ཀྱི་དུས་སུ་སླེབས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཀྲང་ཐེན་ཕེ།   |     སྤེལ་དུས།  2025-07-14

    རང་རྒྱལ་གྱིས་2004ལོའི་ལོ་མཇུག་ནས་2008ལོ་བར་གཅིག་སྡུད་ངང་སྤྲད་པའི་ཁག་དང་པོའི་གོ་ཆོད་དུས་ཚོད་ལོ་20ཡིན་པའི་རབས་གཉིས་པའི་གྲོང་མིའི་ཐོབ་ཐང་ལག་ཁྱེར་གྱི་གོ་ཆོད་དུས་ཡུན་ཡོལ་ནས་ས་གནས་ཁག་ཏུ་ལག་ཁྱེར་བརྗེ་མཁན་མང་པོ་ཡོད་པ་རེད།

    གྲངས་གཞི་ལས་མངོན་པ་ལྟར་ན། 2025ལོ་ནས་2028ལོ་བར་ཐེམ་ཁུངས་ཀྲེ་ཅང་ཉིང་པོ་རུ་གྲོང་མིའི་ཐོབ་ཐང་ལག་ཁྱེར་གྱི་གོ་ཆོད་དུས་ཡུན་ཐིམ་པའི་ལག་ཁྱེར་བརྗེ་མཁན་ཁྲི་187ཟིན་པ་དེ་གོང་གི་ལོ་བཞིའི་བསྡོམས་འབོར་གྱི་ལྡབ་3ཙམ་ཡིན་པ་དང་། 2028ལོར་ཐེམ་ཁུངས་སི་ཁྲོན་ལེ་ཧྲན་ནས་ཡིན་པའི་གྲོང་མིའི་ཐོབ་ཐང་ལག་ཁྱེར་གྱི་གོ་ཆོད་དུས་ཡུན་ཐིམ་པའི་ལག་ཁྱེར་བརྗེ་མཁན་ཁྲི་41ཟིན་རྒྱུ་རེད།

    རྒྱལ་ཡོངས་ཀྱི་ས་ཆ་ཚང་མ་ནས་དེ་བས་སྟབས་བདེ་པོས་གཉེར་ཆོག་ཅིང་། གྲོང་མིའི་ཐོབ་ཐང་ལག་ཁྱེར་གྱི་ལས་སྒོ་དེ་རྒྱལ་ཡོངས་ཀྱི་ས་ཆ་ཚང་མ་ནས་གཉེར་ཐུབ་ཀྱི་ཡོད་པ་དང་ལག་ཁྱེར་བརྗེ་མཁན་ཐེམ་ཐོ་ཡོད་སར་མེད་ནའང་དེ་སྔའི་གྲོང་མིའི་ཐོབ་ཐང་ལག་ཁྱེར་ཁྱེར་ནས་ཐག་ཉེ་ཤོས་ཀྱི་སྤྱི་བདེ་མངགས་གཏོང་ཁང་གི་ཕྱོགས་བསྡུས་ཞབས་ཞུ་སྐར་ཁུང་དུ་ལག་ཁྱེར་བརྗེ་ལེན་གྱི་རེ་ཞུ་འདོན་ཆོག ལག་ཁྱེར་བརྗེ་བར་སྟབས་བདེ་སྐྲུན་ཆེད། མངགས་གཏོང་ཁང་གི་ཕྱོགས་བསྡུས་ཞབས་ཞུ་སྐར་ཁུང་ནས་ལག་ཁྱེར་གཉེར་བ་ཕུད། ས་གནས་མང་པོའི་སྤྱི་བདེ་ལས་ཁུངས་ཀྱིས་ད་དུང་དྲ་ཐོག་ནས་གཉེར་བ་དང་རང་རྟེན་འཕྲུལ་ཆས་ནས་གཉེར་བ་སོགས་དམངས་ཕན་ཞབས་ཞུ་མང་པོ་བཏོན་ཡོད།

    ལག་ཁྱེར་གཉེར་སྟངས་དེ་བས་སྟབས་བསྟུན་ཡོད་ཅིང་། ཀོང་ཤིས་སྤྱི་བདེ་ལས་ཁུངས་ཀྱིས་ལག་ཁྱེར་གཉེར་བའི་ལས་འབོར་གྱི་འགྱུར་ལྡོག་གཞིར་བཟུང་། ལས་དུས་ལེགས་སྒྲིག་བྱས་ཏེ“ཁ་ཆད་བྱས་ནས་གཉེར་བ་དང་། འཚང་ཁར་གཡོལ་ནས་གཉེར་བ། དུས་ཚོད་འགྱངས་ནས་གཉེར་བ”བཅས་ཁྱབ་སྤེལ་བཏང་ནས། ལས་དགོངས་དང་སློབ་དགོངས་ཞུ་བདེ་པོ་མེད་མཁན་དང་སློབ་མ་ཚོས་གཟའ་མཇུག་དང་། དུས་ཆེན། གུང་གསེང་བཅས་སུ་དམིགས་གཏན་འཁེལ་བའི་ཞབས་ཞུའི་སྐར་ཁུང་དུ་བསྐྱོད་དེ་ལག་ཁྱེར་གཉེར་ཆོག་པ་དང་། ལེའོ་ཉིང་དང་ཀོང་ཏུང་སོགས་ས་གནས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས“ཐག་ཉེ་སར་གཉེར་བ་དང་། སྒོ་རྩར་གཉེར་བ། དྲ་ཐོག་ནས་གཉེར་བ”བཅས་ཀྱི་ཞབས་ཞུ་ཁྱབ་གདལ་བཏང་ཡོད་པས། མང་ཚོགས་ཀྱིས་རང་ཉིད་ཀྱི་གནས་ཚུལ་ལ་གཞིགས་ནས་ཐག་ཉེ་སའི་མངགས་གཏོང་ཁང་ངམ་ཡང་ན་སྲིད་དོན་ཞབས་ཞུའི་ལྟེ་གནས་ཀྱི་ཐེམ་ཐོ་གཉེར་སའི་ཞབས་ཞུའི་སྐར་ཁུང་དུ་བསྐྱོད་ནས་གཉེར་ཆོག་ལ། གཞན་ཡང་སྐད་འཕྲིན་སྤྱི་རྟགས་སམ་ཡང་ན་ལག་ཐོགས་ཁ་པར་གྱི་ཉེར་སྤྱོད་བྱ་རིམ་སོགས་ལས་སྟེགས་བརྒྱུད་ནས་ལས་རིམ་ཚང་མ་དྲ་ཐོག་ནས་གཉེར་ཆོག་པས་ལག་ཁྱེར་གཉེར་སར་འགྲོ་དགོས་མེད།

    འཕྲལ་མར་གཉེར་བས་དེ་བས་ཉེ་བཅར་བྱུང་ཞིང་། གཞན་ཡང་། ཛ་དྲག་ངང་ལག་ཁྱེར་སྤྱོད་པའི་དགོས་མཁོ་ཡོད་པའི་མང་ཚོགས་ཀྱིས་སྤྱི་བདེ་ལས་ཁུངས་ཀྱིས་བཙུགས་པའི“ལྗང་མདོག་བགྲོད་ལམ”བརྒྱུད་ཐོབ་ཐང་ལག་ཁྱེར་བརྗེ་པོ་རྒྱག་པའི་འཕྲལ་གཉེར་ཞབས་ཞུ་བསྒྲུབ་རྒྱུའི་རེ་ཞུ་བྱས་ཆོག ས་གནས་ཁག་གཅིག་གི་ཐོབ་ཐང་ལག་ཁྱེར་འཕྲལ་མར་གཉེར་བའི་དུས་ཚོད་དེ་ལས་ཀའི་ཉིན་7ནང་ཚུན་དུ་ཐུང་དུ་བཏང་ཡོད། ལེ་ཧྲན་སྤྱི་བདེ་ལས་ཁུངས་ཀྱིས་ད་དུང་མཛེས་ལྗོངས་ཁུལ་དུ་ཆེད་མངགས་སྲིད་གཞུང་གི་ཞབས་ཞུའི་ས་ཚིགས་བཙུགས་ནས། ཡུལ་གཞན་གྱི་ཡུལ་སྐོར་བར་ཐོབ་ཐང་ལག་ཁྱེར་ས་གནས་གཞན་ནས་བརྗེ་པོ་རྒྱག་པ་དང་། གསབ་གཉེར་བྱེད་པ། ལེན་པ་བཅས་ཀྱི་ཞབས་ཞུ་མཁོ་འདོན་བྱས་ཡོད།

    ཉེན་རྟོག་ཕྱོགས་ཀྱིས་དྲན་སྐུལ་བྱས་དོན། གྲོང་མིའི་ཐོབ་ཐང་ལག་ཁྱེར་གྱི་དུས་ཚོད་ཡོལ་རྗེས་གནམ་གྲུའི་སྤ་སེ་དང་མེ་འཁོར་གྱི་སྤ་སེ་སོགས་རྒྱུན་གཏན་ལྟར་ཉོ་ཐུབ་ཀྱི་མེད། བཅའ་ཁྲིམས་ཀྱི་གཏན་འབེབས་གཞིར་བཟུང་། སྤྱི་དམངས་ཀྱིས་གྲོང་མིའི་ཐོབ་ཐང་ལག་ཁྱེར་བརྗེ་ལེན་རེ་ཞུ་བྱེད་རིང་། གྲོང་མིའི་ཐོབ་ཐང་ལག་ཁྱེར་འཕྲལ་དུ་སྤྱོད་དགོས་ན། གནས་སྐབས་ཀྱི་གྲོང་མིའི་ཐོབ་ཐང་ལག་ཁྱེར་རེ་ཞུ་བྱས་ཆོག རྒྱུན་གཏན་གྱི་འཚོ་བ་དང་ལས་ཀར་ཤུགས་རྐྱེན་མི་ཐེབས་པའི་འགན་ལེན་བྱ་ཆེད། མང་ཚོགས་ཀྱིས་ལག་ཁྱེར་བརྗེ་བའི་དུས་ཚོད་སྔོན་ལ་འཆར་འགོད་བྱས་ཏེ། རང་ཉིད་ཀྱི་གནས་ཚུལ་ལ་གཞིགས་ནས་འོས་འཚམ་གྱི་ལག་ཁྱེར་གཉེར་སྟངས་བདམས་ནས་དུས་ཐོག་ཏུ་ཐོབ་ཐང་གི་ཆ་འཕྲིན་གསར་བརྗེས་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།