ལྐོག་སྲོལ་གཏོར་ནས་མངོན་སྲོལ་འཛུགས་དགོས།
ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་ཚུན། ཀྲུང་དབྱང་ནས་ས་གནས་བར་གྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་སྒྲིག་འགལ་ཟ་འཐུང་དང་སྒྲིག་འགལ་འཚམས་རྟགས་དང་འབུལ་རྟེན་ལེན་སྤྲོད། མང་ཚོགས་ཀྱི་ཁེ་ཕན་ལ་གནོད་པ། འགན་མི་འཁུར་བ་དང་བྱ་བ་མི་སྒྲུབ་པ་སོགས་མངོན་གསལ་དོད་པའི་གནད་དོན་ལ་ཡོ་བཅོས་ཤུགས་ཆེན་བྱས་པར་དུས་མཚམས་རང་བཞིན་གྱི་ཕན་འབྲས་ཐོན་ནས་ཟིལ་ཤུགས་ནུས་ལྡན་ཆགས་ཡོད། གནད་དོན་དེ་དག་གི་རྒྱབ་ཏུ་དབང་ཆའི་ཁེ་འཚོལ་དང་། འཁོར་བཅད་རིག་གནས། ཚོ་ཆུང་རིང་ལུགས་སོགས་ཀྱི་ལྐོག་སྲོལ་སྦས་ནས་ཡོད། ཡོ་བཅོས་བྱེད་པ་ནི་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་དམ་ཞིང་དྲང་དུ་གཏོང་བ་དང་། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་ནན་དུ་གཏོང་བ། ལྐོག་སྲོལ་གཏོར་ནས་མངོན་སྲོལ་འཛུགས་པ་བཅས་ཀྱི་ཆེད་དུ་ཡིན། ལྐོག་སྲོལ་ནི་ཡིག་ཐོག་ཏུ་མ་འཁོད་པར་ལྐོག་ཏུ་སྤྱོད་པའི་སྒྲིག་སྲོལ་ཞིག་ཡིན་ཞིང་། མང་ཆེ་བ་ཁེ་ཕན་སྐྱེལ་སྤྲོད་དང་། དབང་ཆའི་ཁེ་འཚོལ། སྦུག་མཐུན་གཡོ་བསྒྱུར་སོགས་སྒྲིག་འགལ་ཁྲིམས་འགལ་གྱི་བྱེད་སྤྱོད་དང་འབྲེལ་བ་ཡོད་པ་དང་། དེས་ཏང་ཡོན་ལས་བྱེད་པ་རུལ་བསླད་དུ་གཏོང་བ་དང་། ཏང་གི་གཟུགས་བརྙན་ཉམས་པར་བྱེད་པ། རིན་ཐང་གི་ཚད་གཞི་ཡོ་འཁྱོག་དང་གོ་ལྡོག་པར་བྱེད་ཀྱི་ཡོད་པས་ཆབ་སྲིད་ཀྱི་སྐྱེ་ཁམས་བཟང་པོ་དང་རྦད་དེ་རྒྱབ་འགལ་ཏུ་སོང་ཡོད། གལ་ཏེ་དེ་རིགས་གང་འདོད་དར་ཁྱབ་ཏུ་འགྲོ་བ་དང་ལྐོག་ཏུ་ཁྱབ་འགྱེད་དུ་སོང་ཚེ་དགོས་པའི་སྲོལ་བཟང་མ་དར་བར་མི་དགོས་པའི་སྲོལ་ངན་གྱིས་སྦགས་ནས་མི་དམངས་མང་ཚོགས་ཀྱི་ཁེ་ཕན་ལ་གནོད་པ་དང་། སྲིད་གཞུང་གི་སྤྱི་མོས་ཆེ་ཆུང་ལ་གནོད་པ། ཏང་གི་སྲིད་སྐྱོང་རྨང་གཞིར་གཏོར་བཤིག་ཐེབས་པ་བཅས་བྱེད་ངེས་རེད།
ལྐོག་སྲོལ་གཏོར་བར་འགག་རྩ་ནི་གཏོར་བར་ཐུག་ཡོད། “གཞན་ལ་མར་ལེ་རིང་ལུགས་བཤད། རང་ལ་རང་དབང་རིང་ལུགས་འཛིན”“མི་སེར་གྱི་བསྔགས་བརྗོད་ལས་དབུ་ཁྲིད་ཀྱི་དབུ་ལྕོག་དགའ”“ཐམ་ག་ལས་འཛིན་ཡིག་དགའ། འཛིན་ཡིག་ལས་ངོ་སོ་དགའ”ཞེས་པ་སོགས་ཀྱི་ལྐོག་སྲོལ་ཕྱི་ནས་བལྟས་ན་རྗེས་མེད་ཤུལ་མེད་དུ་སྣང་རུང་དོན་ངོ་མར་གང་སར་མཆེད་ནས་ཡོད་པ་དང་། གནས་ལུགས་དང་རྒྱབ་འགལ་དུ་སོང་བར་སྣང་རུང་དོན་ངོ་མར་འཁོན་འཁོན་ཐོགས་ཐོགས་མེད་པ་ཞིག་ཡིན་པས། ཏང་ཡོན་ལས་བྱེད་པར་རུལ་བསླད་གཏོང་བ་མ་ཟད། ཏང་གི་དར་སྲོལ་ཉམས་དམས་སུ་གཏོང་བའི་ངན་རེངས་ཀྱི་དུག་སྐྲན་དུ་འགྱུར་གྱི་ཡོད། དེ་མཆེད་པའི་གཞི་མ་རྩ་བ་ནས་མེད་པར་བཟོ་བར་ངེས་པར་དུ་བྱ་ཐབས་ནན་པོ་དང་སྤྱོད་གོ་ཆོད་པོ་སྤྱད་དེ་དབང་ཆ་སྤྱོད་པའི“སྦུག་མཐུན”གཏོར་དགོས་ལ་ཁེ་ཕན་སྐྱེལ་སྤྲོད་ཀྱི་སྦྲེལ་ཐག་ཀྱང་བཅད་དེ་སྒྲིག་འགལ་ཁྲིམས་འགལ་གྱི་བྱེད་སྤྱོད་ལ་ཆད་པ་ནན་པོ་གཅོད་པ་དང་། སྒྲིག་ཁྲིམས་དང་། སྒྲིག་སྲོལ། བཅའ་ཁྲིམས་བཅས་གཞིར་བཟུང་ཏང་དོན་དང་སྲིད་དོན་ཡོངས་བསྒྲགས་ཟབ་ཏུ་བཏང་སྟེ་དབང་ཆ་ཁ་གསལ་གཏིང་གསལ་ངང་སྤྱོད་པར་སྐུལ་དགོས།
མ་གཏོར་ན་འཛུགས་མི་ཐུབ་པས། ལྐོག་སྲོལ་གཏོར་བའི་རྩ་བའི་ཐབས་ཤེས་ནི་མངོན་སྲོལ་བཙུགས་ཏེ་སྲོལ་བཟང་གིས་སྲོལ་ངན་གནོན་དགོས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཕུད། ཏང་ཀྲུང་དབྱང་གིས་ད་དུང《ཏང་སྲིད་ལས་ཁུངས་ཀྱི་གྲོན་ཆུང་ནན་ཏན་བྱས་ཏེ་ཆུད་ཟོས་ལ་ངོ་རྒོལ་བྱེད་པའི་སྲོལ་ཡིག》སོགས་སྤྱོད་ཚུལ་གྱི་སྲོལ་གསར་ཁག་གཅིག་བཟོས་ནས་སྤྱོད་ཚུལ་འཛུགས་སྐྱོང་གི་བླང་བྱ་དེ་ལམ་ལུགས་ནས་གང་ལེགས་མངོན་ཡོད། མངོན་སྲོལ་བརྟན་པོ་འཛུགས་ཐུབ་མིན་དང་འདོམས་ཐུབ་མིན་གཙོ་བོ་ལག་བསྟར་ལ་ཐུག་ཡོད། ཏང་ཡོན་ལས་བྱེད་པས་ཏང་གི་སྒྲིག་ཁྲིམས་དང་སྒྲིག་ལམ་ནན་པོ་སྲུང་བ་དང་བཅའ་ཁྲིམས་ཁྲིམས་སྲོལ་ལྟར་ལས་དོན་སྒྲུབ་པ་དེ་བསམ་བློ་དང་ཤ་ཁྲག་རུས་པའི་གཏིང་དུ་ཟུག་པར་བྱས་ཏེ་བག་མེད་སྒྲིག་འཆལ་མི་བྱེད་པ་དང་། སྲོལ་ལས་མི་འགལ་བ། ལུགས་ལས་མི་འགལ་བ་བཅས་བྱེད་དགོས། རིམ་ཁག་ཏང་རྩ་འཛུགས་ཀྱིས་ལྷོད་གཡེང་སྤུ་ཙམ་ཡང་མི་གཏོང་བའི་རྣམ་འགྱུར་དང་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱེད་པའི་ཆོད་སེམས་བཅངས་ནས་ངེས་པར་དུ་བརྟེན་སའི་ཁྲིམས་ཡོད་པ་དང་། ལག་ལེན་བསྟར་ཕྱིན་ངེས་པར་དུ་ནན་པ། སྒྲིག་ཁྲིམས་ལས་འགལ་ཕྱིན་ངེས་པར་དུ་རྩད་གཅོད་བཅས་བྱས་ཏེ་སྒྲིག་ཁྲིམས་ཀྱི་ཟིལ་ཤུགས་ཆེན་པོ་ཆགས་པར་བྱེད་དགོས།
མངོན་སྲོལ་གང་ཞིག་ལག་བསྟར་བྱས་ཕྱིན་ལྐོག་སྲོལ་གང་ཞིག་ཉམས་པར་ངེས། མངོན་སྲོལ་གྱི་ལོ་འདབ་ལྷུག་པོར་གྲོལ་བ་དང་ལྐོག་སྲོལ་གྱི་ཡལ་ག་ཉམས་པར་བྱས་ན། སྲོལ་བཟང་སྤྱོད་བཟང་གི་སྐྱེ་ཁམས་ཁོར་ཡུག་བཟང་པོ་ཞིག་ཡུན་ནས་ཡུན་དུ་གནས་ངེས་རེད།
འབྲེལ་ཡོད་གསར་འགྱུར།