ཟམ་པ་གཅིག་ལ་གཅིག་འགྲན། ཀོ་གྲུ་ག་ལེ་བཞུགས་ཤིག
—— ལྷ་ས་སྐྱིད་ཆུའི་ཐོག་གི་སྔོན་མའི་འགྲུལ་བཞུད་དྲན་ཤེས།
འདི་ནི་1965ལོར་ལྷ་སའི་ཟམ་ཆེན་ཤར་གཏོང་ཐུབ་སྐབས་ཀྱི་རྣམ་པ་ཡིན་པ། (དཔྱད་གཞིའི་པར་རིས)
འདི་ནི་དེང་རབས་ཅན་གྱི་ལྷ་སའི་སྣེའུ་ཟམ་ཆེན་ཡིན་པ།
“ང་རང་ཆུང་དུས་ལྷ་གདོང་ཤན་ཁར་མཉན་དཔོན་བྱས་མྱོང་། དེ་དུས་སྐྱིད་ཆུར་ཟམ་པ་མེད་པས། སྐྱིད་ཆུའི་ཕ་རོལ་དུ་ཡོད་པ་ཚུར་རོལ་ལ་མ་བསླེབས། ཚུར་རོལ་དུ་ཡོད་པ་ཕ་རོལ་དུ་འགྲོ་ཁག་པོ་ཡོད། གལ་ཏེ་ཡིན་གཅིག་འགྲོ་དགོས་བྱུང་ན། གྲུ་ལ་སྡོད་རྒྱུ་ལས་ཐབས་མེད། ལྷག་པར་དུ་ཀོ་གྲུར་བསྡད་ན་ཉེན་ཁ་ཤིན་ཏུ་ཆེན་པོ་ཡོད་དེ། དམངས་ཀྱི་ཁ་རྒྱུན་དུའང་། ལྷ་གདོང་ཤན་ཁའི་གྲུ་དེ། ། དམྱལ་བའི་འཕྲང་ལས་དོག་པ། །ཞེས་པའི་ཤོད་སྲོལ་ཡོད”ཅེས་བགྲེས་སོང་པིང་པིང་གིས་དེ་སྔའི་ལྷ་སའི་འགྲིམ་འགྲུལ་སྐོར་གླེང་སྐབས་འདི་ལྟར་བརྗོད།
བགྲེས་སོང་པིང་པིང་ནི་ལྷ་ས་གྲོང་ཁྱེར་ཚལ་གུང་ཐང་ཁྲོམ་གཞུང་ཤན་ཁ་སྡེ་ཁུལ་ནས་ཡིན་ཞིང་། མ་གཞི་ད་ལོ་དགུང་ལོ་བརྒྱད་ཅུ་ལྷག་ཙམ་ལ་སླེབས་ཀྱང་། སྐུ་གཟུགས་ཐང་ཤ་དོད་ལ་སྒབ་ཟོར་ཡང་ཞིང་སྨྲ་ལྕེ་བདེ་བ་ཞིག་འདུག
ཆུང་དུས་ལྷ་གདོང་ཤན་ཁར་མཉན་དཔོན་བྱས་མྱོང་བའི་ཁོང་ལ་ལྷ་སའི་ཀུ་རུ་ཟམ་པའམ་ལྷ་ས་ཟམ་ཆེན་གྱི་སྔར་སོང་གི་ལོ་རྒྱུས་ལ་གསལ་ཁ་ཆེན་པོ་ཡོད་པ་མ་ཟད། ཟམ་ཆེན་འདིས་ཕན་འབྲས་གང་འདྲ་ཐོན་ཡོད་མེད་སོགས་ལའང་མྱོར་ཚོར་ཟབ་མོ་བྱུང་འདུག
ལུང་པ་ཞིག་ལ་འཕེལ་རྒྱས་ཅི་འདྲ་ཡོང་མིན་དེ་གཞུང་ལམ་དང་ཟམ་པར་ཐུག་ཡོད་པས། གཞུང་ལམ་དང་ཟམ་པ་ནི་ས་ཆ་ཞིག་འཕེལ་རྒྱས་གཏོང་བའི་རྨང་གཞི་ལྟ་བུ་དང་། ཡུལ་ལུང་ཞིག་གི་འཕེལ་རྒྱས་ལ་བདེན་དཔང་བྱེད་མཁན་ལྟ་བུར་གྱུར་ཡོད་ཅེས་བརྗོད་ན་མི་འགྲིག་པ་མེད། གང་དུ་ལམ་བུ་བདེ་ན་དེ་རུ་དཔལ་འབྱོར་འཕེལ་རྒྱས་ཆེ་བ་དང་གང་དུ་ཟམ་པ་མང་ན་དེ་རུ་འགྲོ་སྐྱོད་སྟབས་བདེ་བ་ནི་ཀུན་གྱི་མཐོང་ཆོས་སུ་གྱུར།
དེ་ཡང་སྔོན་མ་སྐྱིད་ཆུའི་ཕ་རོལ་གྱི་མི་རྣམས་ལྷ་སར་ཡོང་དགོས་ན། ངེས་པར་དུ་གྲུ་ལ་བསྡད་ན་མ་གཏོགས་ཐབས་ལམ་གཞན་མེད་ལ། ཆུ་ཁར་མཉན་པའི་གང་བྱས་ཡིན་ཞེས་པའི་དཔེ་ལྟར། ཀོ་གྲུ་ནམ་གཏོང་བསྒུགས་ནས་སྡོད་རྒྱུ་ལས་མེད། མཚམས་རེ་ཉིན་མ་གསུམ་བཞི་ཙམ་གྲུ་ཁར་བསྒུགས་ནས་སྡོད་དགོས་ཀྱི་ཡོད། “དེ་འདྲ་ཡིན་དུས། ཀོང་པོ་དང་ལྷོ་ཁ་སོགས་ནས་ཡོང་བའི་དྲེལ་པ་ཡང་ལྷ་གདོང་ཤན་ཁར་ཞག་མ་ལྔ་དྲུག་ལུས་ནས་ལྷ་ས་སྐྱིད་ཆུ་སྒྲོལ་མི་ཐུབ་པར་སྡོད་ཀྱི་ཡོད”ཅེས་བགྲེས་སོང་པིང་པིང་གིས་ལྷ་གདོང་ཤན་ཁར་ལྟ་བཞིན་སྔར་སོང་གི་ལོ་ཟླར་ཕྱིར་དྲན་བྱས།
མི་རྡག་རྡག་གང་བླུགས་པའི་ཀོ་གྲུར་བསྡད་དེ་ཆུ་བོ་སྒྲོལ་སྐབས་ཞེད་སྣང་དང་དངངས་སྐྲག་གིས་སྡོད་བཟོད་དཀའ་བ་ཞིག་ཡོད་ལ། ཀོ་གྲུ་སྒྲོལ་སྐབས་དུས་ཐོག་ཏུ་སྒྲོལ་དཀའ་བས་ཆུ་ཁར་སྔ་པོ་ནས་ཡུན་རིང་བསྒུགས་ནས་སྡོད་དགོས་ཀྱི་ཡོད། དེར་བརྟེན། མང་ཚོགས་རྣམ་རིག་ཅན་གྱིས། ཆུ་མོ་ལྷ་གདོང་ཤན་ཁའི། །གྲུ་ལ་སྔ་གྲུ་བཏང་ནས། །གནས་ཆེན་པོ་ཏ་ལ་རུ། །ཉི་མ་ཤར་ནས་སླེབས་བྱུང་། །ཞེས་ཕྱི་པོར་མ་གཏོགས་མ་སླེབས་པར་ཟུར་ཟ་བྱེད་པའི་དམངས་གཞས་ཤིག་ཀྱང་བརྩམས་ཡོད།
བགྲེས་སོང་པིང་པིང་གིས་ལྷ་ས་ཟམ་ཆེན་ལ་གཟིགས་བཞིན་དུ“ད་ཆ་རང་གི་བློ་མོས་དང་རང་གི་འདོད་པ་ལྟར་རླངས་འཁོར་དང་། སྦག་སྦག རྐང་འཁོར་སོགས་བཏང་ནས་ག་དུས་འགྲོ་འགྲོ་ཡིན་པས། བདེ་འཇགས་དང་བློ་བདེ་བག་ཕེབས་ངང་གླུ་ཆུང་ལེན་གྱིན་བསྐྱོད་ཆོག”ཅེས་དགའ་ཚོར་ཆེན་པོས་ཤོད་ཀྱི་འདུག
སྤྱི་ཚོགས་རྙིང་པར་གྲུ་ཁ་དེ་སྐུ་དྲག་ཤན་ཁ་བས་བདག་སྐྱོང་བྱེད་པ་གང་ཞིག་གཅིག་ནས་གྲུ་གླ་མཐོ་བ་དང་གཉིས་ནས་དུས་ཚོད་ངེས་གཏན་མེད་པས་འགྲིམ་འགྲུལ་ཆེས་ཆེར་སྟབས་བདེ་མེད་པ་རེད། 1954ལོར་ཀྲུང་དབྱང་ནས་འགྲོ་གྲོན་བཏང་སྟེ་དེང་རབས་ཅན་གྱི་ཟམ་པ་སྐྲུན་པའི་ལས་གྲྭ་འགོ་ཚུགས་པས། ལྷ་གདོང་ཤན་ཁའི་གྲུ་ཁ་དེ་བས་བྲེལ་ཟིང་ཆེ་བར་འགྱུར་བའི་གོ་སྐབས་དང་བསྟུན་ནས། སྐུ་དྲག་ཤན་ཁ་བས་གྲུ་གླ་ཇེ་མཐོར་བཏང་བས་འགྲུལ་པ་རྣམས་བྱ་དཀའ་བྱེད་གཏད་ཀྱི་གནས་སུ་གྱར་བ་རེད། ཟམ་པ་བསྐྲུན་ཟིན་རྗེས་མི་རྣམས་གྲུ་ལ་བརྟེན་མི་དགོས་པ་བྱུང་བས། ལྷ་སའི་གྲོང་མིས། བོད་ལ་བཅིངས་འགྲོལ་ཐོབ་སོང་། །གཙང་པོར་ཟམ་པ་སྐྲུན་སོང་། །བཤད་ཟུར་ཨ་མ་རྒྱགས་པའི། ཁ་ལ་ཀུ་རུ་བརྒྱབ་སོང་། །ཞེས་པའི་དམངས་གཞས་ཤིག་བརྩམས་ཡོད་ལ། ལྷ་ས་ཟམ་ཆེན་ལ་ཡང་ཀུ་རུ་ཟམ་པ་ཞེས་པའི་མིང་ཐོབ་ཡོད།
ལྷ་ས་ཟམ་ཆེན་ནི་ལྷ་ས་སྐྱིད་ཆུའི་ཐོག་གི་ཨར་འདམ་ལྕགས་རྩིབས་མའི་ཟམ་པ་ཐོག་མ་དེ་ཡིན་པས། བོད་ཀྱི་ཟམ་པ་འཛུགས་སྐྲུན་གྱི་ལོ་རྒྱུས་ཐོག་དོན་སྙིང་ཧ་ཅང་ཆེན་པོ་ལྡན་ཡོད། 1965ལོར་ལྷ་ས་ཟམ་ཆེན་དངོས་སུ་ཤར་གཏོང་ཐུབ་པས་ཕར་འགྲོ་ཚུར་འོང་གི་མང་ཚོགས་ལ་འགྲིམ་འགྲུལ་གྱི་སྟབས་བདེ་ཆེན་པོ་བྱུང་བ་མ་ཟད། ས་གནས་དེ་གའི་དཔལ་འབྱོར་འཕེལ་རྒྱས་དང་། མི་རིགས་ཁག་དབར་གྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལའང་ནུས་པ་ཆེན་པོ་ཐོན་ཡོད། བགྲེས་སོང་པིང་པིང་གིས་ཀྱང་ཟམ་ཆེན་འདིའི་ཕན་འབྲས་སྐོར་གླེང་སྐབས་ཁོང་རང་ཉིད་དང་གྲོང་མི་རྣམས་ལ་མིག་མཐོང་ལག་ཟིན་གྱི་ཕན་པ་བྱུང་བར་བཀའ་དྲིན་སྙིང་དབུས་ནས་འཆང་བཞིན་མཆིས།
1965ལོར་ལྷ་ས་ཟམ་ཆེན་ཤར་གཏོང་ཐུབ་པ་ནས་བརྩིས་ན་ད་བར་ལོ་ངོ་60ཏག་ཏག་འགྲོ་གི་ཡོད་ཅིང་། ལོ་ངོ་60ཡི་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ནང་། ལྷ་ས་ཟམ་ཆེན་ནི་ལྷ་སའི་ས་སྐྱེས་རྡོ་སྐྱེས་ཀྱི་བགྲེས་སོང་ཞིག་དང་འདྲ་བར་ལྷ་ས་སྐྱིད་ཆུའི་ངོགས་ཀྱི་གནའ་གྲོང་འདིར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་ཕྱིན་པར་དཔང་པོ་བྱེད་བཞིན་ཡོད།
“ད་ལྟ་ཆུ་ཤུར་ནས་ཡར་བརྩིས་ན་ལྷ་ས་སྐྱིད་ཆུའི་ཐོག་ལྷ་ས་ཟམ་ཆེན་ཕུད། ད་དུང་གཉེན་བསུའི་ཟམ་པ་དང་། རྔ་ཆེན་ཟམ་པ། གཙང་བྲན་ཟམ་པ། སྣེའུ་ཟམ་ཆེན། སྣེའུ་ཤར་ཟམ་ཆེན་ལ་སོགས་པའི་ཟམ་ཆེན་10ལྷག་ཙམ་བསྐྲུན་ཡོད། ཟམ་པ་དེ་དག་བསྐྲུན་པ་ལས་མང་ཚོགས་ཀྱི་འགྲོ་འོང་ལ་སྟབས་བདེ་བྱུང་བ་མ་ཟད། མང་ཚོགས་ཕྱིར་གླ་པར་བསྐྱོད་ནས་ཡོང་འབབ་གསོག་པ་དང་བུ་ཕྲུག་སློབ་གྲྭར་འགྲོ་བ་སོགས་གང་ས་ཅི་ཐད་ལ་ཕན་ཆེན་པོ་ཐོགས་ཡོད”ཅེས་བགྲེས་སོང་པིང་པིང་གིས་གསུང་གི་འདུག་ལ། གསར་འགོད་པས་ཁོང་གི་བཞིན་ལ་འཛུམ་གྱི་པདྨོ་ངང་གིས་བཞད་ཅིང་། འོད་ཀྱིས་བརྟས་པའི་སྤྱན་ཟུང་ནས་འབྱུང་འགྱུར་གྱི་འཚོ་བ་དེ་བས་ཇེ་དགའ་ཇེ་སྐྱིད་དུ་འགྲོ་ངེས་ཡིན་པའི་ཡིད་ཆེས་དང་རེ་བས་ཁེངས་པ་གསལ་པོར་མཐོང་བྱུང་།
འབྲེལ་ཡོད་གསར་འགྱུར།