དམ་ནན་གྱི་དགོངས་གཞིར་བརྟེན་ནས་སློབ་ཞིབ་བཅོས་གསུམ་ལ་གྲུབ་འབྲས་ཐོབ་རྒྱུར་གཞི་གཅིག་ཏུ་སྐུལ་འདེད་བཏང་བ།
རང་ལྗོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་གཙོ་གནད་ལས་འགན་བཞི་དང་ལས་ཀའི་བྱེད་ཐབས་13ལ་དམིགས་ནས་སློབ་སྦྱོང་ངོ་མ་དང་། ཞིབ་བཤེར་ཏན་ཏིག བཅོས་སྒྲིག་ནན་པོ་བཅས་མཐའ་འཁྱོངས་བྱས་པ།
ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་བྱེད་སྒོ་སྤེལ་འགོ་ཚུགས་ཚུན་དུ། རང་ལྗོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་ནན་ཏན་བྱས་ཤིང་། “སློབ་སྦྱོང་ཞིབ་བསྡུར་དང་། གནད་དོན་བཤེར་འདོན། གཅིག་སྡུད་བཅོས་སྒྲིག སྒོ་འབྱེད་སློབ་གསོ་བཅས་ཀྱི་གཙོ་གནད་ལས་འགན་བཞི་དང་ལས་ཀའི་བྱེད་ཐབས་13ལ་དམིགས་ནས་སློབ་སྦྱོང་ངོ་མ་དང་། ཞིབ་བཤེར་ཏན་ཏིག དག་ཐེར་ནན་པོ་བཅས་མཐའ་འཁྱོངས་བྱས་ཏེ། ལྗོངས་ཡོངས་ཀྱི་སློབ་སྦྱོང་སློབ་གསོ་ལག་ལེན་དུ་འཁྱོལ་བ་དང་། ཕན་འབྲས་ཐོན་པ། གཏིང་ཟབ་ཏན་ཏིག་བཅས་ཀྱི་ཕྱོགས་སུ་སྤེལ་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ཡོད།
ཟབ་སྦྱོང་མཐིལ་རྟོགས་བྱས་ནས་རྨང་གཞི་བརྟན་དུ་བཏང་བ། མ་ཡིག་ལ་སློབ་སྦྱོང་བྱས་ནས་རྩ་བའི་རིགས་པར་གོ་བ་ལེན་རྒྱུ་མཐའ་འཁྱོངས་བྱས་ཤིང་། རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་གཏིང་ཟབ་བྱེད་པར་མུ་མཐུད་སྐུལ་འདེད་བཏང་བ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལག་བསྟར་བྱེད་ཐབས་སློབ་སྦྱོང་ནན་ཏན་བྱས་ནས་ཟབ་སྦྱོང་མཐིལ་རྟོགས་བྱེད་རིང་སེམས་ལ་བརྟན་པོར་ངེས་པ་དང་། ལག་ལེན་རྣམ་དག་བྱེད་རིང་རིག་པ་དྭངས་གསལ་དང་བློ་རྩ་བརྟན་པོ་ཡོང་བར་བྱས་པ། རང་གཅུན་ནན་པོ་བྱེད་རིང་རང་ཉིད་ཀྱིས་བརྩི་སྲུང་ནན་པོ་ཞུས་པ། རྒྱུན་རྣམ་ཕུགས་ཕན་གྱི་ཁྲོད་དུ་ལག་ལེན་དུ་འཁྱོལ་བ་བཅས་བྱས་ཡོད།
ལྗོངས་ཏང་ཨུད་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་ཆེད་དོན་སློབ་སྦྱོང་ཚོགས་འདུ་ཐེངས་བཞི་འཚོགས་ཤིང་། ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་སྣེ་ཁྲིད་དེ་སློབ་སྦྱོང་ཞིབ་བསྡུར་གནང་བ་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་ཟབ་སྦྱོང་མཐིལ་རྟོགས་དང་། གཞི་སྒྱུར་རྩ་སྒྱུར། རྩ་ཚུགས་ནུས་འཕེལ་བཅས་ཡོང་བར་བྱེད་རྒྱུའི་སྐུལ་ཁྲིད་གནང་ཡོད། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས“ལྟེ་བའི་ཚོགས་ཆུང་གིས་སྣེ་ཁྲིད་ནས་སློབ་སྦྱོང་བྱེད་པ་དང་། དཔེ་ཀློག་འཛིན་གྲྭར་སློབ་སྦྱོང་གཏིང་ཟབ་བྱེད་པ། རིགས་གཅིག་མཁས་ཅན་གྱིས་སློབ་སྦྱོང་ལ་རམ་འདེགས་བྱེད་པ། ཀྲི་པུའུ་ཡིས་ཐུན་མོང་ཐོག་སློབ་སྦྱོང་བྱེད་པ། ལས་བྱེད་པས་སློབ་སྦྱོང་ལ་སྣང་ཆེན་བྱེད་པ་བཅས་ཕྱོགས་ལྔ་གཞི་གཅིག་གི་སློབ་སྦྱོང་བྱེད་སྟངས་སྤྱད་དེ་སློབ་སྦྱོང་ཞིབ་བསྡུར་ལ་ཕྱོགས་ཡོངས་དང་། རིམ་པ་མང་བ། ཁྱབ་ཁོངས་ཆེ་བ་བཅས་ཀྱི་སྒོ་ནས་སྐུལ་འདེད་བཏང་སྟེ་སློབ་སྦྱོང་སློབ་གསོའི་ཚ་རླབས་དེ་རྒྱུན་མི་ཆད་པའི་འགན་ལེན་བྱས་ཡོད། ཉིང་ཁྲི་སོགས་གྲོང་ཁྱེར་གྱི་རིམ་ཁག་ཏང་སྲིད་རྩ་འཛུགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བྲག་ཡིབ་ཆུས་ཉིང་ཁྲི་གྲོང་རྡལ་ཀ་ལ་གྲོང་ཚོའི་གྲོང་མི་ཡོངས་ལ་སྤྲིངས་པའི་འཕྲིན་ལན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་པ་དང་། ཏང་ཡོན་དང་མང་ཚོགས་ལ“བྱང་སྐར་སྤུན་བདུན་གྱི་ལམ་སྟོན་ཇི་བཞིན་བསྐྱོད་ན་ལམ་ནོར་ཐེབས་མི་སྲིད་པ་དང་། གུང་ཁྲན་ཏང་གི་རྗེས་སུ་འབྲངས་ན་བདེ་སྐྱིད་ཐོབ་ངེས་རེད”ཅེས་པའི་དགོངས་དོན་གྱི་ངོ་བོ་དང་ལས་ཀའི་བླང་བྱ་ཤེས་རྟོགས་གཏིང་ཟབ་བྱས་ཏེ། དངོས་སྒྲུབ་དང་ཐེག་ཁུར་གྱི་རྣམ་པའི་ཐོག་ནས་དར་རྒྱས་སྲ་བརྟན་གྱི་མེས་རྒྱལ་མཐའ་མཚམས་འཛུགས་སྐྲུན་བྱེད་པར་སྟོབས་ཤུགས་སྐྱེས་སུ་འབུལ་དགོས་པའི་སློབ་གསོ་ཁྲིད་སྟོན་བྱས་ཡོད། ཉིང་ཁྲི་གྲོང་ཁྱེར་སྣང་རྫོང་གིས་ཆབ་སྲིད་རིགས་པའི་གཞུང་ལུགས་དང་། ཉེན་བརྡའི་སློབ་གསོ། ལག་ལེན་གྱི་མཛུབ་ཁྲིད་བཅས“སློབ་ཚན་གསུམ”ཡག་པོ་འཚོགས་ནས་ཏང་ཡོན་ལས་བྱེད་པར་སྒྲིག་ཁྲིམས་དང་སྒྲིག་ལམ་ནན་གྱིས་སྲུང་བར་སྐུལ་འདེད་བཏང་ཡོད།
གྱོད་དཔེ་དཔྱད་གཞིར་བཟུང་ནས་ཉེན་བརྡ་བཏང་བ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ཞིང་ཆེན་རིམ་པའི་འགོ་ཁྲིད་ཀྱི་སྣེ་ཁྲིད་དེ་རང་སྐྱོང་ལྗོངས་ཀྱི“ཉེ་འགྲམ་དུ་ཐོན་པའི་བྱ་བས་ཉེ་འགྲམ་གྱི་མིར་སློབ་གསོ་གཏོང་བའི”སྲིད་གཙང་ཉེན་བརྡའི་སློབ་གསོའི་འགྲེམས་སྟོན་ལ་ལྟ་སྐོར་གནང་བ་དང་ལྗོངས་ཡོངས་ཀྱི་ཉེན་བརྡའི་སློབ་གསོའི་ཚོགས་འདུ་གཙོ་སྐྱོང་གནང་ཡོད། རང་སྐྱོང་ལྗོངས་རིམ་ངོས་ནས《ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་དང་འགལ་བའི་རང་སྐྱོང་ལྗོངས་ཀྱི་གྱོད་དཔེ》དང《རུལ་སུངས་ལ་ངོ་རྒོལ་བྱེད་མཚམས་ཡུད་ཙམ་ཡང་མི་འཇོག་པ》ཞེས་པའི་ཉེན་བརྡའི་སློབ་གསོའི་གློག་བརྙན་རྩོམ་སྒྲིག་པར་འདེབས་བྱས་པ་དང་། ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་བྱས་ནས་ཉེན་བརྡའི་སློབ་གསོའི་གློག་བརྙན་ཐེངས་300ལྷག་ཙམ་གཅིག་སྡུད་ཐོག་བལྟས་པ། ལྟ་མཁན་མི་ཐེངས་ཁྲི་40ལྷག་ཙམ་ཞུགས་ཡོད།
གྲི་དངོ་རང་ལ་གཏད་ནས་གནད་དོན་བཤེར་འདོན་བྱས་པ། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་རང་ངོས་གསར་བརྗེའི་སྙིང་སྟོབས་དར་སྤེལ་བཏང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་གནང་བའི“སྔར་བས་དམིགས་སར་འབྱོར་བ་ལྔའི”བླང་བྱ་གལ་ཆེན་དང་བསྡུར་བ་ཡང་ཡང་བྱས་པ་དང་གོང་དུ་བཤེར་འདོན་བྱས་པའི་གནད་དོན་གྱི་གསལ་ཐོ་ཡང་བསྐྱར་གསེད་བཀྲོལ་དང་། དབྱེ་ཞིབ། འཐུས་ཚང་བཅས་བྱས་ཏེ་ཞིབ་བཤེར་གནད་འཁེལ་དང་། ཕྱོགས་ཡོངས། གཏིང་ཟབ། ཏན་ཏིག་བཅས་དངོས་འབྲེལ་ཡོང་བར་བྱས་ཡོད། རང་སྐྱོང་ལྗོངས་ཀྱི་ཚན་ཁག“ཆེན་པོ་བཞི”དང་ཞིང་ཆེན་རིམ་པའི་ལས་བྱེད་པས་རང་ཉིད་དང་། འགན་འཁྲི། ལས་ཀ་བཅས་ལ་བཤེར་འདོན་གྱིས་གནད་དོན་འབྱུང་རྩ་ནས་སྔོག་འདོན་དང་འབེན་དམིགས་བཅོས་སྒྲིག་བྱ་རྒྱུར་མཐོང་ཆེན་བྱས་ཏེ། གནད་དོན་ཁག་43དང་ཁག་277སོ་སོར་བཤེར་འདོན་བྱས་ནས་ལྗོངས་ཡོངས་ལ་མིག་དཔེ་བསྟན་ཡོད། ལྗོངས་ཏང་ཨུད་སློབ་སྦྱོང་སློབ་གསོའི་ལས་དོན་ཆེད་སྒྲུབ་འཛིན་གྲྭས་རྫོང་རིམ་པ་ཡན་གྱི་འགོ་ཁྲིད་ལས་བྱེད་པ་སྒྲིག་འཛུགས་བྱས་ནས་གནད་དོན་ཁག་ཁྲི་4.3ལྷག་ཙམ་བཤེར་འདོན་བྱས་པ་དང་། ལྗོངས་ཡོངས་ཀྱི་ས་ཁུལ་དང་སྡེ་ཚན་ཁག་111གི་གནད་དོན་གསལ་ཐོ་དང་བཅོས་སྒྲིག་ཟུར་བཙུགས་རྩིས་ཁྲར་ཞིབ་བཤེར་ནན་པོ་བྱས་པ། བླང་བྱ་དང་མི་མཐུན་པ་ཚང་མ་ཕྱིར་སློག་མཐའ་གཅིག་ཏུ་བྱས་ཡོད།
གཅིག་སྡུད་བཅོས་སྐྱོང་བྱས་ནས་གཙང་སེལ་བྱས་པ། སྣག་ཐོག་གཙག་འཁེལ་དང་འབེན་དམིགས་མདའ་འཕེན་མཐའ་འཁྱོགས་ཀྱིས་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་བཤེར་འདོན་བྱས་པའི་གནད་དོན་དང་བསྡུར་བ་ཡང་ཡང་བྱེད་པ་དང་ཡང་ལྗིད་དལ་བྲེལ་དང་དཀའ་སླ་དབྱེ་བ་གསལ་པོ་ཕྱེ་ཞིང་། དག་ཐེར་བྱེད་ཐུབ་པའི་རིགས་འཕྲལ་མར་ལག་བསྟར་དང་དག་ཐེར་བྱས་པ་དང་། གནས་སྐབས་ཆ་རྐྱེན་འཛོམས་མེད་པའི་རིགས་འགན་འཁྲི་དམ་ནན་དུ་བཏང་བ་དང་དུས་བཀག་གི་བླང་བྱ་ཁ་གསལ་བཏོན་པ། ལས་དོན་བཀོད་གཏོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་འཕེལ་རིམ་ཕན་འབྲས་རྗེས་སྙེགས་བྱས་ཏེ། དག་ཐེར་དང་བཅོས་སྒྲིག་ལས་དོན་ཏན་ཏིག་ཡོང་བ་དང་སྟོང་ཟད་དུ་མི་འགྲོ་བའི་འགན་ལེན་བྱས་ཡོད།
ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་སྣེ་ཁྲིད་ནས་སྒྲིག་ཁྲིམས་དང་འགལ་ནས་བཟའ་འཐུང་བྱས་རིགས་ལ་གཅིག་སྡུད་བཅོས་སྒྲིག་བྱས་པ་དང་། སྒྲིག་ཁྲིམས་དང་འགལ་ནས་བཟའ་འཐུང་བྱས་པའི་གནད་དོན་གྱི་ཁུངས་སྣེ་ཁག་167སྒྲུབ་བཞིན་པ་དང་། གྱོད་དོན་65ཐོ་འགོད། ཁག་ཐེངས་3གྱི་གྱོད་དོན་21སྒྲུབ་སྐུལ་བཅས་བྱས་པ་དང་། ལྗོངས་ཏང་ཨུད་རྩ་འཛུགས་པུས་སྣེ་ཁྲིད་ནས“སྲིད་དོན་ལས་རྗེས་ཀྱི་ལྟ་བ་ཡང་དག་འཛུགས་པ་དང་། ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི”ཆེད་དོན་བཅོས་སྒྲིག་ལས་དོན་སྤེལ་བ། དཔྱད་ཞིབ་དམིགས་ཚད་མ་ལག་ལེགས་སྒྱུར་ལེགས་སྒྲིག་བྱས་ཏེ། 2024ལོའི་ཕྱོགས་བསྡུས་དཔྱད་ཞིབ་ནང“སྤྱིར་བཏང”རིམ་པར་གཏན་འཁེལ་བྱས་པའི་ས་ཁུལ་དང་གྲོང་ཁྱེར་1དང་སྡེ་ཚན་8ཀྱི་འགན་འཁུར་བློ་མཐུན་གཙོ་བོ་བསྐོང་འདྲི་བྱས་ནས་དྲན་སྐུལ་བྱས་པ། ཚན་པ་5ཡིས་སྙན་སེང་ཞུ་བའི་ལམ་ལུགས་ལག་བསྟར་ནན་པོ་མ་བྱས་པ་དང་གང་འདོད་དུ་བརྟག་ཞིབ་བྱས་པའི་གནད་དོན་བརྡ་ཁྱབ་བཏང་བ། “རེའུ་མིག་གཅིག་འཐུས”འཛུགས་སྐྱོང་ལ་སྐུལ་འདེད་ཤུགས་ཆེན་བཏང་ཐོག་སོར་རྩེའི་ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ཏེ། སྲིད་དོན་སྒུལ་བདེའི་དྲ་སྦྲེལ་ཉེར་སྤྱོད་བྱ་རིམ་ཚད་ལྡན་ཅན་གྱི་དོ་དམ་མ་ལག་ཁྲོད་ནས་བྱ་རིམ་29མེད་པར་བཟོས་པ་དང་བྱ་རིམ་16བཀག་པ། རང་སྐྱོང་ལྗོངས་རིམ་པའི་འཛུགས་གཏོད་དཔེ་སྟོན་བྱེད་སྒོ་4ཚང་མ་མེད་པར་བཟོས་པ་དང་། རང་སྐྱོང་ལྗོངས་ལས་དོན་སྡེ་ཚན་གྱི་འཛུགས་གཏོད་དཔེ་སྟོན་བྱེད་སྒོ་20ནས་4བར་ཉུང་དུ་བཏང་བ། གྲོང་ཁྱེར་དང་རྫོང་རིམ་པ་གཉིས་ཀྱི་རིམ་ངོས་ཀྱི་འཛུགས་གཏོད་དཔེ་སྟོན་བྱེད་སྒོ་193ཚང་མ་མེད་པར་བཟོས་པ། ལྗོངས་ཏང་ཨུད་ཁྲིམས་ལྟར་བོད་སྐྱོང་གཞུང་དོན་ཁང་གིས་སྣེ་ཁྲིད་ནས“ཁྲིམས་སྒྱུར་ཁྲིམས་འཛིན་ཆུ་ཚད་སྔར་བས་མཐོ་རུ་བཏང་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་གཛུགས་སྐྲུན་ལ་ཞབས་འདེགས་ཞུ”བའི་ཆེད་དོན་བཅོས་སྒྲིག་ལས་དོན་སྤེལ་ནས། གནད་དོན་གྱི་ཁུངས་སྣེ་ཁག་170ལྷག་ཙམ་བསྡུ་རུབ་བྱས་པ་དང་རུལ་སུངས་དང་སྤྱོད་ཚུལ་དང་འབྲེལ་བ་ཡོད་པའི་གནད་དོན་གྱི་ཁུངས་སྣེ་1བརྒྱུད་སྤྲོད་བྱས་པ། ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་དང་། བོད་ལྗོངས་ཉིན་རེའི་ཚགས་པར་ཁང་། བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་བཅས་ཀྱིས་དུས་རབས་གསར་པའི་མང་ཚོགས་ལམ་ཕྱོགས་ལྷག་བསམ་རྣམ་དག་གིས་ལག་ལེན་བསྟར་ཞིང་། མིག་གཞི་རིམ་ལ་བལྟས་ནས་དྲིལ་བསྒྲགས་ལ་དམ་འཛིན་བྱེད་པ་དང་། གོམ་པ་གཞི་རིམ་དུ་སྤོས་ནས་བརྟག་ཞིབ་བྱེད་པ། ལུས་པོ་གཞི་རིམ་དུ་ཚུགས་ནས་འཐབ་ས་དང་པོར་སྐྱོད་པ་བཅས་མཐའ་འཁྱོངས་བྱས་ཏེ་སྡེ་ཚན་གྱི་སྤྱོད་ཚུལ་རྒྱུན་མཐུད་ལེགས་བཅོས་བྱེད་པར་སྐུལ་འདེད་བཏང་ཡོད།
འབྲེལ་ཡོད་གསར་འགྱུར།