སྐྱེ་ཁམས་རིག་གནས་སྲུང་སྐྱོང་བྱས། གནའ་བོའི་གྲོང་ཚོར་གསོན་ཤུགས་རྒྱས།
ལོ་52ལ་སླེབས་པའི་ཀྲུའུ་ཀྲུང་ཧུའེ་ད་བར་ཧུའུ་ཕི་གྲོང་ཚོར་འཚོ་བ་བསྐྱལ་ནས་བསྡད་ཀྱང་། ད་ཆ་ལྟར་ཕ་ཡུལ་དུ་ཡུལ་སྐོར་བྱེད་མཁན་དང་འཁོར་རིགས་མང་པོ་འདི་འདྲ་གཏན་ནས་མཐོང་མྱོང་མེད།
ཉིན་ཤས་གོང་། གསར་འགོད་པས“གསོན་ཤུགས་རྒྱས་པའི་ཀྲུང་གོར་བརྟག་ཞིབ་ལ་སྐྱོད་པའི”ཚོགས་པ་དང་མཉམ་དུ་ཅང་ཤིས་ཞིང་ཆེན་ནན་ཁྲང་རྫོང་ཐ་ཁྲེང་ཤང་ཧུའུ་ཕི་གྲོང་ཚོར་བསྐྱོད། གྲོང་ཚོར་འབྱོར་མ་ཐག་སེམས་རྩ་འཁོལ་བའི་གྲོང་ཚོའི་ཏང་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅི་ཀྲུའུ་ཀྲུང་ཧུའེ་ཡིས་གྲོང་ཚོའི་ལོ་འགའི་རིང་གི་འགྱུར་ལྡོག་ངོ་སྤྲོད་བྱས་ཏེ“སྔོན་ཆད་གཞོན་ནུ་ཚང་མ་གྲོང་ཚོ་ནས་ཕྱིར་གླ་པར་འགྲོ་གི་ཡོད་པས། རྒྱུན་གཏན་གྲོང་ཚོའི་ནང་ད་ཆ་ལྟར་ས་གནས་ཁག་གི་ཡུལ་སྐོར་བ་གྲོང་ཚོར་ཡོང་མཁན་མང་པོ་མེད་པས་ཁུ་ཧ་ཅང་སིམ་པོ་ཡོད”ཅེས་བརྗོད།
ནན་ཁྲང་གྲོང་ཁྱེར་གྱི་གྲོང་ཁུལ་གཙོ་བོ་ནས་རླངས་འཁོར་ལ་བསྡད་ཚེ་སྐར་མ་30ལས་འགོར་གྱི་མེད་པའི་ཧུའུ་ཕི་གྲོང་ཚོས་ཐུན་མོང་མ་ཡིན་པའི་སྐྱེ་ཁམས་སྤུས་རྟགས་ལ་བརྟེན་ནས་ཡུལ་སྐོར་བའི་ཡིད་དབང་ཇི་ལྟར་བཀུག་སྟེ་སྔོན་ཆད་ཁ་ཁུ་སིམ་པའི་གྲོང་ཚོ་འདི་ལས་གསོན་ཤུགས་ཇི་ལྟར་རྒྱས་པར་བྱས་ཡོད་དམ།
ཐ་ཁྲེང་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་དབྱང་ཅན་ཧུའེ་ཡིས། ཉེ་བའི་ལོ་ཤས་རིང་། སྲིད་གཞུང་གིས་སྐྱེ་ཁམས་ཐོན་ཁུངས་ལ་གཞི་ཚུགས་ནས། ཆུ་རཌ་རིང་པོ་དང་། མེ་ཏོག་རྒྱ་མཚོ། སྔོ་ལྗང་ཕུག་ལམ། གསོམ་ཤིང་སྦས་ལུང་སོགས་ཀྱི་མཛེས་ལྗོངས་འཆར་འགོད་ཞིབ་ཚགས་བྱས་པ་དང་བེད་མེད་རྒྱུ་ནོར་བསྡུ་ཉར་འཁོར་རྒྱུག་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་སྟེ། ཉེན་ཆེའི་ཁང་པ་རྙིང་པ་སྟར་པ་28ཕྱིར་སློག་དང་བདག་དབང་གཏན་འཁེལ་བྱས་པ་དང་ཉེན་ཆེའི་སྐྲུན་དངོས་རྙིང་པ་36བཤིག་ནས་གྲོང་གསེབ་གསར་པ་འཕེལ་རྒྱས་གཏོང་བའི་བར་མཐོངས་ཆེ་རུ་བཏང་ཡོད།
ཕྱིར་སློག་བྱས་པའི་སྡོད་ཁང་རྙིང་པས་འཕེལ་རྒྱས་གཏོང་སེམས་ཡོད་པའི“གྲོང་མི་གསར་པ”ཚོར་རང་གི་འཇོན་ཐང་ངོམ་སའི་གར་སྟེགས་ཤིག་མཁོ་འདོན་བྱས་ཤིང་། 2020ལོར། ཕེང་པའེ་ལིང་གིས་གྲོང་ཁྱེར་གྱི་ལས་ཀ་བརྟན་པོ་དེ་ནས་རྩ་དགོངས་ཞུས་ཏེ་ཕ་ཡུལ་ཧུའུ་ཕི་གྲོང་ཚོར་ལོག་སྟེ་གྲོང་གསེབ་ཀྱི་འཚོ་བ་གསར་རྐྱང་ཞིག་སྐྱེལ་འགོ་ཚུགས། ཁོང་གིས་ཁང་པ་རྙིང་པ་ཞིག་གྲོང་གསེབ་ཀྱི་ཁྱད་ཆོས་ལྡན་པའི་ཀོག་ཧྥེ་ཁང་དུ་སྒྱུར་བཀོད་བྱས་པ་མ་ཟད། ད་དུང་ཇུས་འགོད་ལས་དོན་ཁང་ཡང་བཙུགས་ནས་གྲོང་གསེབ་འཛུགས་སྐྲུན་ལ་བར་མཐོངས་ཇུས་འགོད་དང་། རིག་གནས་བསམ་བཀོད་ཐོན་རྫས་གསར་སྤེལ། གྲོང་གསེབ་གཉེར་སྐྱོང་སོགས་ཀྱི་ལས་སྒོ་གཉེར་ཡོད།
ཕེང་པའེ་ལིང་གི་སྣེ་ཁྲིད་འོག“གྲོང་མི་གསར་པ”20ལྷག་ཙམ་གཅིག་རྗེས་གཉིས་མཐུད་ངང་ཧུའུ་ཕི་གྲོང་ཚོར་ཡོང་ཞིང་། ཁོང་ཚོའི་ཁྲོད་སྐྱེ་ཁམས་ཆུ་འབྲས་འདེབས་མཁན་ཞིང་པ་གསར་པ་ཡོད་ལ། རང་སྨྱན་སྦྱོར་གྱི་ལས་ལ་གཞོལ་མཁན་ན་གཞོན་ལས་དོན་པ་དང་ལག་ཤེས་པའང་ཡོད། དེ་དང་ཆབས་ཅིག་ད་དུང་མན་པའོ་ཚོང་ཁང་དང་། མངར་ཟས་ཚོང་ཁང་། ཞིབ་སྦྱོང་རྟེན་གཞི་སོགས་ལས་རྣམ་གསར་པའང་ཡོད་པ་རེད།
ད་ཆ་ཧུའུ་ཕི་གྲོང་ཚོ་འདི་ཉིད་སྤྱི་ཚོགས་འབྲེལ་བའི་ལས་སྟེགས་སུ་དྲ་གྲོགས་ཀྱིས་ངོ་བསྟོད་བྱེད་སའི“གཡང་ནོར་གྲོང་སྡེར”གྱུར་ཡོད་ལ། གྲོང་གསེབ་ཀྱི་ལས་རྣམ་སྣ་མང་འཕེལ་རྒྱས་ཕྱིན་པ་དེས་གྲོང་གསེབ་ཀྱི་ཐོན་ལས་དར་རྒྱས་ཤུགས་ཆེན་ཕྱིན་ཡོད། ཀྲུའུ་ཀྲུང་ཧུའེ་ཡིས། ཧུའུ་པེ་གྲོང་ཚོའི་མཉམ་སྡེབ་ཡོང་འབབ་2016ལོའི་སྒོར་5000ནས་2024ལོའི་སྒོར་ཁྲི་70ཙམ་བར་མང་དུ་ཕྱིན་ཡོད་ཅེས་བརྗོད།
སྔོན་ཆད་འཁྲུག་ཆ་དོད་པོ་མེད་པའི་གྲོང་ཚོ་འདི་ཉིད་སྒྱུར་བཀོད་བྱས་རྗེས་གསོན་ཤུགས་རྒྱས་པ་དང་། སྲོལ་རྒྱུན་གྱི་གནའ་བོའི་གྲོང་ཚོ་འདི་ཡང་སྲུང་སྐྱོང་ཁྲོད་གསོན་ཤུགས་གསར་པ་འཕེལ།
ཅང་ཤིས་ཞིང་ཆེན་ཧྥུའུ་ཀྲོའུ་གྲོང་ཁྱེར་ཅིན་ཤིས་རྫོང་ཧྲོང་ཐང་གྲོང་རྡལ་ཀྲུའུ་ཆའོ་གྲོང་ཚོར་འབྱོར་སྐབས། ཅང་ཤིས་ལུགས་ཀྱི་སྐྲུན་དངོས་ཚོམ་བུ་ལས་གནའ་ཉམས་ཟབ་མོ་མངོན་ཞིང་། ཡོན་རྒྱལ་རབས་ཀྱི་དུས་མཇུག་དང་མིང་རྒྱལ་རབས་ཀྱི་དུས་འགོར་བསྐྲུན་པའི་ཀྲུའུ་ཆའོ་གྲོང་ཚོར་ལོ་ངོ་600ལྷག་ཙམ་གྱི་ལོ་རྒྱུས་ལྡན་པ་དང་། མིང་རྒྱལ་རབས་དང་ཆིང་རྒྱལ་རབས་ཀྱི་གནའ་བོའི་གྲོང་མིའི་སྡོད་ཁང་སྟར་པ་109ད་ལྟའང་ཉར་ཚགས་ཡག་པོ་བྱས་ཡོད། སྔོན་ཆད་སྡོད་མཁན་མེད་པ་དང་ལོ་མང་རིང་ཉམས་གསོ་བྱེད་མཁན་མེད་པའི་རྐྱེན་གྱིས་གནའ་བོའི་སྐྲུན་དངོས་དག་ལ་གཏོར་སྐྱོན་ཕོག་པ་དང་རྡིབ་པའི་ཉེན་ཁ་ཡོད།
ཧྲོང་ཐང་གྲོང་རྡལ་གྱི་ཀྲེན་ཀྲང་ཡའོ་ཡུས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། གནའ་བོའི་སྐྲུན་དངོས་དག་མི་སྟོངས་བའི་ཆེད། ས་གནས་དེ་གའི་སྲིད་གཞུང་གིས་ཆུ་དང་། གློག ལམ། འཕྲིན་གཏོང་། གད་སྙིགས་གཙང་སེལ་སོགས་ཀྱི་རྣམ་གྲངས་འཛུགས་སྐྲུན་སྒྲིག་འཛུགས་ལག་བསྟར་བྱས་པ་མ་ཟད། ཝུན་ལུང་སྤྱི་པའི་མཆོད་ཁང་སོགས་གནའ་བོའི་སྐྲུན་དངོས་ལེགས་བཅོས་ཉམས་གསོ་བྱས་པ་དང་ཡུལ་སྐོར་སྤྲོ་གསེང་ཁུལ་བཙུགས་ཡོད། སྣ་མང་ཕུན་སུམ་ཚོགས་པའི་དམངས་སྲོལ་རིག་གནས་ལ་བརྟེན་ནས་ཀྲུའུ་ཆའོ་གྲོང་ཚོས་ད་དུང་གྲོང་ཚོའི་ཟློས་གར་འཁྲབ་སྟོན་དང་མངོན་མིན་རིག་གནས་ཤུལ་བཞག་འཁྲབ་སྟོན་སོགས་རིག་གནས་དང་ཡུལ་སྐོར་གྱི་བྱེད་སྒོ་རྒྱུན་རྣམ་ཅན་གྱི་སྒོ་ནས་སྤེལ་ཏེ་ས་གནས་ཁག་གི་ཡུལ་སྐོར་བ་གནས་དེར་ཡོང་འདོད་པ་དང་། གཞིས་ཆགས་ཐུབ་པ། ཡུལ་སྐོར་ཡག་པོ་ཐུབ་པ་བཅས་བྱས་ཡོད།
སྲུང་སྐྱོང་འོས་འཚམ་དང་ལུགས་མཐུན་གསར་སྤེལ་བྱས་པའི་ཀྲུའུ་ཆའོ་གྲོང་ཚོའི་སྐད་གྲགས་རིམ་བཞིན་ཆེ་རུ་ཕྱིན་པ་མ་ཟད། གྲོང་མི་ཚོའི་ཕྱུག་འགྱུར་འབབ་འཕར་གྱི་ཐབས་ལམ་ཡང་དེ་བས་ཡངས་སུ་ཕྱིན་ཡོད། གཟའ་མཇུག་གམ་དུས་ཆེན་དང་ངལ་གསོའི་སྐབས་ཀྲུའུ་ཆའོ་གྲོང་ཚོའི་གྲོང་མི་དབྱང་ཙི་ཡུས་ཀྱིས་གྲོང་མདོར་ཁྲོམ་བཀྱག་བཙུགས་ནས་མཱ་ཚི་འཚོང་གི་ཡོད་ཅིང་། ཁོང་གིས་གསར་འགོད་པར། ཉེ་བའི་ལོ་ཤས་རིང་། གྲོང་ཚོར་ཡུལ་སྐོར་བ་མངོན་གསལ་དོད་པོས་མང་དུ་ཕྱིན་ཡོད་པས། ཚོང་ཡག་དུས་ཉིན་རེར་ཡོང་འབབ་སྒོར་ཆིག་སྟོང་ཙམ་ཡོང་གི་འདུག་ཅེས་བརྗོད།
ཅིན་ཤིས་རྫོང་དུ་ཀྲུའུ་ཆའོ་གྲོང་ཚོ་ལྟ་བུའི་བཀོད་པ་ཆ་ཚང་བའི་གནའ་བོའི་གྲོང་སྡེ་ཁྱོན་128ཡོད་པ་དེ་དག་གིས་མིང་རྒྱལ་རབས་དང་ཆིང་རྒྱལ་རབས་ཀྱི་གནའ་བོའི་སྐྲུན་དངོས་སྟར་པ་ཁྲི་གཅིག་ལྷག་ཙམ་ཉར་ཚགས་བྱས་ཡོད། ས་གནས་དེ་གས་འབྲེལ་ཡོད་ལས་ཁུངས་བཙུགས་པ་དང་། གྲོང་གསེབ་ཀྱི་ཏང་ཡོན་100ལྷག་ཙམ་གནའ་བོའི་གྲོང་ཚོའི་རིག་གནས་སྲུང་སྐྱོང་པར་གདན་ཞུ་བྱས་པ། སྲོལ་རྒྱུན་སྐྲུན་དངོས་བཟོ་སྐྲུན་དང་ཉམས་གསོའི་ཨར་སྐྲུན་དཔུང་ཁག་43བཙུགས་པ། བཟོ་སྐྲུན་བཟོ་པ་279བསྡུས་ནས“བཟོ་བོའི་མཛོད”བཙུགས་ཏེ་གནའ་བོའི་སྐྲུན་དངོས་མྱུར་བཟོ་སྲུང་སྐྱོང་ལས་ལ་གཞོལ་ཡོད།
གྲོང་མིའི་སྡོད་ཁང་གི་གནའ་བོའི་སྐྲུན་དངོས་སྲུང་སྐྱོང་བྱེད་པ་ནི་སྲོལ་རྒྱུན་གྲོང་ཚོའི་སྔ་མོའི་ཉམས་འགྱུར་ལ་དེ་བས་ཀྱང་སྲུང་སྐྱོང་བྱས་པ་ཞིག་རེད། ཅིན་ཤིས་རྫོང་གིས་ད་དུང་རིག་གནས་བསམ་བཀོད་རྣམ་གྲངས་ཀྱི་བོགས་དངུལ་ཆག་ཡང་དང་རྩ་ཆག་དང་། མ་དངུལ་ཁ་གསབ། རིན་མེད་གསོ་སྦྱོང་སོགས་ཚུད་པའི་རོགས་སྐྱོར་སྲིད་ཇུས་རབ་དང་རིམ་པ་བཏོན་ནས། ཕ་ཡུལ་དུ་ལས་གཏོད་ལ་ལོག་མཁན་ཚོས་གནའ་བོའི་གྲོང་ཚོར་དྲ་ཐོག་ཚོང་དོན་དང་ཁྱད་ལྡན་དམངས་སྲོལ་འཁྲབ་སྟོན་སོགས་ལས་རྣམ་གསར་པ་འཕེལ་རྒྱས་གཏོང་རྒྱུར་སྐུལ་མ་གཏོང་བ་དང་། གྲོང་གསེབ་ཀྱི་ཡུལ་སྐོར་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་སྟེ“མི་ཉར་ཐུབ”ལ“བྱ་གཞག་ཀྱང་དར་ཐུབ་པ”བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།