ཨེ་ཤེ་ཡ་དབུས་མ་དང་ཀྲུང་གོའི་དབར་གྱི་མཉམ་ལས་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་བ།
ཨེ་ཤེ་ཡ་དབུས་མ་དང་ཀྲུང་གོའི་ལམ་སྲོལ་གྱིས་ས་ཁུལ་གྱི་མཉམ་ལས་བྱ་བའི་ཁྲོད་ནུས་པ་གལ་ཆེན་ཐོན་བཞིན་ཡོད། དེས་ཕྱོགས་ཁག་གི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས་བཅས་སྤེལ་རེས་ལ་སྐུལ་འདེད་བཏང་ནས་ས་ཁུལ་གྱི་ཞི་བདེ་འཕེལ་རྒྱས་སྲུང་སྐྱོང་ལ་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུ་རེད།
ཧ་སག་སི་ཐན་འདི་ཉིད་ཨེ་ཤེ་ཡ་དང་ཡོ་རོབ་གཉིས་ཀྱི་སྐམ་ས་ཆེན་པོའི་མཐིལ་དུ་གནས་པས། ས་ཁུལ་གྱི་ཆབ་སྲིད་དང་དཔལ་འབྱོར་ཁྲོད་ནུས་པ་ཆེན་པོ་འདོན་བཞིན་ཡོད། རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་འཐབ་ཇུས་སྣེ་ཁྲིད་འོག ཧ་སག་སི་ཐན་དང་ཀྲུང་གོའི་དབར་ཡུན་རིང་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་སྔར་བྱུང་མྱོང་མེད་པའི་མཐོ་ཚད་གསར་པ་ཞིག་ཏུ་སླེབས་ཏེ། རྒྱལ་ཁབ་གཉིས་པོའི་མཉམ་ལས་ཀྱི་ནང་དོན་ཟམ་མི་ཆད་པར་ཕུན་སུམ་ཚོགས་སུ་ཕྱིན་ནས་ཁྱབ་ཁོངས་ཁག་དང་སྡེ་ཚན་ཁག་དབར་གྱི་འབྲེལ་གཏུག་ཉིན་བཞིན་ཟབ་ཏུ་འགྲོ་བཞིན་ཡོད། རྒྱལ་ཁབ་གཉིས་པོས་རྒྱུན་ཆད་མེད་པར་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་བས་རྨང་གཞིའི་སྒྲིག་བཀོད་དང་། འགྲིམ་འགྲུལ་ཟོག་འགྲེམས། དཔལ་འབྱོར་ཚོང་དོན། ནུས་རྒྱུ་བཅས་དང་དེ་བཞིན་མི་ཆོས་རིག་གནས་སོགས་ཁྱབ་ཁྱོངས་ཀྱི་རྣམ་གྲངས་ལག་ལེན་བསྟར་བར་སྐུལ་འདེད་ཐུབ་ཡོད།
ཧ་སག་སི་ཐན་གྱིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་ལ་ཧུར་ཐག་ཞུགས་ཏེ་རང་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་བར་གོ་སྐབས་གལ་ཆེན་བཏོད་ཡོད། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོས་ཕན་ཚུན་སྦྲེལ་མཐུད་ལ་གཙོ་གནད་ཐོག་སྐུལ་འདེད་བཏང་བ་དེས་དཔལ་འབྱོར་འཕར་བར་སྐུལ་འདེད་དང་། མི་དམངས་ཀྱི་འཚོ་བའི་ཆུ་ཚད་མཐོར་གཏོང་། ཞི་བདེ་དང་བརྟན་ལྷིང་སྲུང་སྐྱོང་བྱེད་པ་བཅས་ལ་་ཕན་པ་ཡོད། ལོ་མང་རིང་། གྲོས་འགོ་དེས་ཧ་སག་སི་ཐན་དང་ཀྲུང་གོ་རྒྱལ་ཁབ་གཉིས་འཕེལ་རྒྱས་ཕྱིན་པ་མ་ཟད། ས་ཁུལ་ཧྲིལ་པོ་འཕེལ་རྒྱས་ཡོང་བར་ཡང་ལེགས་སྐྱེས་ཆེན་པོ་ཕུལ་ནས་རྨང་གཞིའི་སྒྲིག་བཀོད་དང་། དཔལ་འབྱོར། མི་ཆོས་རིག་གནས་སོགས་ཁྱབ་ཁོངས་ཀྱི་གང་ས་ཅི་ཐད་ཀྱི་མཉམ་ལས་ལ་ལས་སྟེགས་བཏོད་ནས། འཛམ་གླིང་ཞི་བདེ་དང་ས་ཁུལ་བརྟན་ལྷིང་སྲུང་སྐྱོང་ཡོང་བར་མཐུན་རྐྱེན་བསྐྲུན་ཡོད།
ཀྲུང་གོས་ཕྱོགས་མང་རིང་ལུགས་སྲུང་སྐྱོང་ཧུར་ཐག་བྱས་ཏེ་ཞི་བདེ་མཉམ་གནས་དང་གཉིས་ཕན་མཉམ་ལས་བྱེད་པའི་གྲོས་འགོ་བཏོན་ཞིང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་གོ་ལ་ཧྲིལ་པོ་འཕེལ་རྒྱས་ཀྱི་གྲོས་འགོ་དང་། གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོ་བཏོན་གནང་བ་དེས། གོ་ལ་ཧྲིལ་པོའི་ཞི་བདེ་དང་བརྟན་ལྷིང་སྲུང་སྐྱོང་བྱེད་པར་ཀྲུང་གོའི་ཇུས་གཞི་ལེགས་སྐྱེས་སུ་ཕུལ་ཡོད། ཀྲུང་གོས་རྒྱལ་སྤྱིའི་དུས་བབ་བརྟན་ལྷིང་ཡོང་བར་ཧུར་ཐག་གཞོལ་ནས་གོ་ལ་ཧྲིལ་པོའི་བདེ་འཇགས་སྲུང་སྐྱོང་བྱེད་པ་དེ་མིག་སྔའི་རྒྱལ་སྤྱིའི་དུས་བབ་ཡོ་ལང་གི་རྒྱབ་ལྗོངས་འོག་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་དབར་འདྲ་མཉམ་ངང་གླེང་མོལ་བྱེད་པའི་ཐབས་ལམ་ཐོག་ནས་འགལ་བ་དང་མི་མཐུན་པ་ཐག་གཅོད་བྱེད་པའི་གྲོས་འགོ་བཏོན་ཡོད། ཀྲུང་གོས་དཔལ་འབྱོར་འཕེལ་རྒྱས་དོ་སྙོམས་མེད་པའི་གནད་དོན་ཐག་གཅོད་ལ་མཐོང་ཆེན་བྱེད་ཅིང་། མཉམ་དུ་བདེ་འཇགས་ལ་ཤུགས་སྣོན་དང་ཕྱོགས་ཁག་གི་མཉམ་ཤུགས་གཅིག་ཏུ་བསྒྲིལ་ནས་འགྲན་སློང་ལ་ཁ་གཏད་གཅོག་པར་སྐུལ་འདེད་བཏང་བ་དང་ཆབས་ཅིག ཤེས་དཔལ་གྱི་སྣ་མང་རང་བཞིན་ལ་བརྩི་སྲུང་ཞུས་ནས་རྒྱལ་ཁབ་ཁག་གི་མི་དམངས་དབར་ཕན་ཚུན་བསམ་ཤེས་དང་མཐུན་སྒྲིལ་ཡོང་བར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་བྱས་ཡོད། ཀྲུང་གོས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཐད་མཉམ་ལས་དང་། མ་འཇོག་ལ་མཉམ་ལས། མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་སོགས་ལ་བརྟེན་ནས་རྒྱལ་སྤྱིའི་འཕེལ་རྒྱས་ལ་སྐུལ་སྤེལ་བཏང་ནས་གོ་ལ་ཧྲིལ་པོ་རྒྱུན་མཐུད་འཕེལ་རྒྱས་ཆོག་པ་དང་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་ཏུ་གྱུར་ཡོད།
ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་དབུ་ཚོགས་སྐབས་གཉིས་པས་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་དང་ཀྲུང་གོའི་གཉིས་ཕན་མཉམ་ལས་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་མ་ཐེབས་རྒྱུ་རེད། དབུ་ཚོགས་ཐོག་དཔལ་འབྱོར་དང་། མ་འཇོག འགྲིམ་འགྲུལ། ནུས་རྒྱུ། གྲངས་འཛིན་ཅན། ཞིང་ལས་དང་ཁོར་ཡུག་སོགས་ཁྱབ་ཁྱོངས་ཀྱི་དངོས་སྒྲུབ་མཉམ་ལས་ཟབ་ཏུ་འགྲོ་བར་བགྲོ་གླེང་བྱེད་རྒྱུ་དང་ཆབས་ཅིག མི་ཆོས་རིག་གནས་སྤེལ་རེས་ལ་སྔར་བས་སྐུལ་སྤེལ་བཏང་སྟེ་སློབ་གསོ་དང་ཚན་རྩལ་མཉམ་ལས་བྱེད་རྒྱ་ཆེ་རུ་གཏོང་བར་ང་ཚོས་རེ་སྒུག་བྱེད་བཞིན་ཡོད། ཨེ་ཤེ་ཡ་དབུས་མ་དང་ཀྲུང་གོའི་ལམ་སྲོལ་གྱིས་ས་ཁུལ་མཉམ་ལས་ཁྲོད་ནུས་པ་ཆེན་པོ་བཏོན་ནས་ཕྱོགས་ཁག་གི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས་བཅས་སྤེལ་རེས་ལ་སྐུལ་སྤེལ་དང་ས་ཁུལ་གྱི་ཞི་བདེ་འཕེལ་རྒྱས་སྲུང་སྐྱོང་ལ་ལེགས་སྐྱེས་ཆེན་པོ་འབུལ་རྒྱུ་རེད།
(རྩོམ་པ་པོ་ནི་ཧ་སག་སི་ཐན“ཡོ་རོབ་དང་ཨེ་ཤེ་ཡ་ལྟ་ཞིབ་ཚད་ལེན”དབྱེ་ཞིབ་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་ཡིན)
འབྲེལ་ཡོད་གསར་འགྱུར།