ཐེག་པ་ཁུར་ལེན་བྱེད་ཕོད་པ་དང་བྱས་རྗེས་འཇོག་མཁས་པོ་བྱེད་དགོས།
རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། གཞི་རིམ་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ། དཀའ་ཉེན་བྲེལ་ལྕིའི་ལས་འགན་སྒྲུབ་པ་བཅས་བྱེད་རིང་ཐེག་པ་ཁུར་ལེན་དང་མང་ཚོགས་ལ་ཞབས་འདེགས་ཞུ་ཐུབ་པ་བྱེད་པ་ནི་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་དོན་སྙིང་གཙོ་བོ་ཡིན། འཕེལ་རྒྱས་ཀྱི་དགོས་མཁོ་དང་མང་ཚོགས་ཀྱི་རེ་སྒུག་གི་མདུན་དུ་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཐེག་པ་ཁུར་ལེན་བྱེད་ཕོད་པ་དང་བྱས་རྗེས་འཇོག་མཁས་པོ་བྱེད་དགོས་པའི་རང་འགུལ་རང་བཞིན་ལ་བརྟེན་ནས། འགན་འཁྲི་གཙང་སྒྲུབ་དང་དཀའ་ངལ་ལ་མི་འཛེམ་པར་ལས་སྒྲུབ་ལས་གཏོད་ལ་ཕན་པའི་ཁོར་ཡུག་བཟང་པོ་ཧུར་ཐག་གཏོད་དགོས།
སྤྱོད་གཙང་རུལ་རྒོལ་གཞི་གཅིག་ཏུ་གཏིང་ཟབ་སྤེལ་བ་དང་ཆབས་ཅིག མི་དགོས་ལས་རྙོག་བཟོ་བ་དང་བྱས་རྗེས་རྫུས་མ་འཇོག་པ་སོགས་ཀྱི་གནད་དོན་གཏན་འགོག་ནུས་ལྡན་ཐུབ་ཡོད། ཡིན་ནའང་འགན་མི་ཁུར་བ་དང་དགོས་པའི་ལས་མི་བྱེད་པ་སོགས་ཀྱི་བསམ་པ་སྔར་བཞིན་ཏང་ཡོན་ལས་བྱེད་པ་ཁག་གཅིག་ཁྲོད་གནས་ཡོད། འགའ་ཞིག་ནི“བརྒྱུད་སྤྲོད་པ”བྱེད་པར་གོམས་ནས་ཁ་འཕངས་ལག་ཕྱིས་དང་རང་འགན་གཞན་དཀྲིར་མཁས་པ་དང་། འགའ་ཞིག་ནི“གནས་ཚུལ་མི་ཐོན་པའི་ཆེད་དུ་བྱ་བའང་མི་སྒྲུབ་པ”དང་མཁྲེགས་སར་གཏུག་མི་ཕོད་པ། འགའ་ཞིག་ནི“འགོ་ཁྲིད་ཀྱིས་མཆན་བཀོད་མ་བྱས་ན་དོན་འཁྱོལ་མཐའ་གཅིག་ཏུ་མི་བྱེད་པར”གོམས་པ། འགའ་ཞིག་ནི་དོན་སྙིང་མེད་པའི་རྣམ་འགྱུར་སྟོན་མཁས་པ་དང་ཕྱི་ཚུལ་ཙམ་སྒྲུབ་མཁས་པ། འགའ་ཞིག་ནི་ལུང་ཁོ་ན་འཛིན་པ་དང་ཨུ་ཚུགས་ཚ་ཞིང་། འགལ་བར་གཡོལ་ཐབས་བྱེད་པའམ་རང་འགན་གཞན་དཀྲི་དང་ནར་འགྱངས་བྱེད་ཀྱི་ཡོད།
འགན་ཁུར་ཕོད་མིན་དང་ཐེག་པ་ཁུར་ལེན་ཕོད་མིན་གྱི་ཐོག་ནས་ལས་བྱེད་པ་ཞིག་གི་ཏང་གཤིས་དང་སྤྱོད་ཚུལ་གསལ་ཤོས་མཐོང་ཐུབ། རང་འགུལ་ངང་ལས་ཀ་སྒྲུབ་པ་དང་ལས་འགན་ཁུར་ནས་སྒྱུར་འཕེལ་བརྟན་གསུམ་གྱི་ལས་འགན་ཁག་ལེགས་སྒྲུབ་ཡག་པོ་བྱ་རྒྱུ་ནི་ལས་བྱེད་པའི་འགན་འཁྲི་ཡིན་ལ། རིན་ཐང་མངོན་སའང་ཡིན། འགན་མི་ཁུར་བ་དང་ལས་མི་བྱེད་ཚེ་དོན་དག་འགྲུབ་མི་ཐུབ་པ་མ་ཟད། ད་དུང་དོན་དག་འཕྱུགས་པ་དང་དོན་ཆེན་འཐུས་ཤོར་འགྲོ་ངེས་རེད། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་དམ་པ་དོན་གཉེར་དང་ཕན་འབྲས་དངོས་དོན་གཉེར་བྱེད་པ་དང་། གནད་དོན་ལ་དམིགས་པ་དང་ངལ་བ་དང་དུ་ལེན་དགོས་པ་ལས་མཐོ་འདོད་ཆེན་པོ་དང་དོན་དངོས་དང་བྲལ་མི་རུང་།
ཏང་ཡོན་ལས་བྱེད་པས་རང་འགུལ་ངང་འགན་ཁུར་བ་དང་བྱས་རྗེས་འཇོག་རྒྱུར་སྐུལ་མ་གཏོང་བ་དང་བསམ་བློའི་གཞི་རྩ་བརྟན་དུ་གཏོང་དགོས། ཁ་ཕྱོགས་གསལ་སྟོན་དང་། སྒྲིག་སྲོལ་འཛུགས་པ། དར་སྲོལ་སྲོང་བ། རིམས་འགོག་ནུས་ཤུགས་ཆེར་གཏོང་བཅས་བརྒྱུད་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཏང་གི་སྒྲིག་ཁྲིམས་དང་རྒྱལ་ཁབ་ཀྱི་བཅའ་ཁྲིམས་སློབ་སྦྱོང་གཏིང་ཟབ་དང་བྱ་སྤྱོད་ཀྱི་མཐའ་ཚད་རྟོགས་ཐུབ་པ་བྱས་ཏེ། བསམ་བློའི་རྒྱུན་ཆགས་སྐྱོན་ཆ་སེལ་བ་དང་འགན་འཁྲི་དང་མཇུག་འབྲས་ཁ་གསལ་བཟོ་དགོས། ཕན་འབྲས་དངོས་ལ་ཞིབ་བཤེར་དང་གྲུབ་འབྲས་དངོས་བརྩོན་ལེན་བྱེད་པ་ནས་འགོ་བཙུགས་ཏེ། ཏང་ཡོན་ལས་བྱེད་པའི་རྣམ་འགྱུར་ལ་རྒྱུན་དུ་དོ་ཁུར་བྱེད་པ་དང་། ལས་སྒྲུབ་ལས་གཏོད་ལ་དྲང་ཕྱོགས་ཀྱི་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ། མི་དམངས་ལ་བདེ་སྐྱིད་སྐྲུན་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་བརྟན་པོ་འཛུགས་པ། ལས་སྒྲུབ་ལས་གཏོད་ཀྱི་གཟུངས་མདངས་ཉམས་གསུམ་ཆེ་རུ་གཏོང་བ་བཅས་བྱས་ནས། དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་རྣམ་པ་བཟང་པོ་ཞིག་ཆགས་པར་བྱེད་དགོས།
ཏང་ཡོན་ལས་བྱེད་པས་རང་འགུལ་ངང་འགན་ཁུར་བ་དང་བྱས་རྗེས་འཇོག་རྒྱུར་སྐུལ་མ་གཏོང་དགོས་ལ་ཁོང་ཚོར་ཁོར་ཡུག་བཟང་པོའང་སྐྲུན་དགོས། ཕྱི་ཚུལ་རིང་ལུགས་རྒྱུན་མཐུད་ངང་བཅོས་སྒྲིག་གཏིང་ཟབ་བྱས་ཏེ་གཞི་རིམ་གྱི་ཁུར་པོ་ཡང་དུ་བཏང་ནས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་ལས་ཀ་སྒྲུབ་པ་དང་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་དུས་ཚོད་དང་སེམས་ནུས་དེ་བས་མང་བ་ཡོད་པ་བྱེད་དགོས། དེའི་རྨང་གཞིའི་ཐོག་སྤྱོད་གཙང་གཞུང་དྲང་གི་ཏང་ནང་ཁུལ་གྱི་ཆབ་སྲིད་ཁོར་ཡུག་ཆགས་རྒྱུར་ཁྲིད་སྟོན་བྱས་ཏེ། ཐེག་པ་ཁུར་དུ་ལེན་མཁན་ལ་འགན་ཁུར་ཕོད་པ་་དང་། འགན་འཁྲི་ཁུར་མཁན་ལ་འགན་ཁུར་ཕོད་པ། ལས་ཀ་བྱེད་མཁན་ལ་རྒྱབ་སྐྱོར་བྱེད་ཕོད་པ་བཅས་བྱས་ནས། ཏང་ཡོན་ལས་བྱེད་པས་དུས་དང་རྣམ་པ་ཀུན་ཏུ་སྣང་ཆེན་བྱེད་པའི་འགན་འཁྲིའི་འདུ་ཤེས་དང་འགན་ཧུར་ཐག་འཁུར་བ་དང་བྱས་རྗེས་ཧུར་ཐག་འཇོག་པའི་སྙིང་སྟོབས་ལ་བརྟེན་ནས་ཏང་དང་མི་དམངས་ཀྱི་ཆེད་དུ་འགན་འཁྲི་གཙང་སྒྲུབ་བྱེད་དགོས།
(ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་2ཉིན་འབྱོར་བའི་གློག་འཕྲིན)
འབྲེལ་ཡོད་གསར་འགྱུར།