དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • “ཞང་ཞུང་མེ་ཏོག”བུད་མེད་ཁྲིམས་དཔོན་ཁེ་དབང་སྲུང་སྐྱོང་ལས་དོན་ས་ཚིགས།

    “མངའ་རིས་སུ་ཡལ་འདབ་ལྷུག་པོར་གྲོལ་བའི་མཛེས་ལྡན་མེ་ཏོག”

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཞུས་ཡུས་ཡའོ།   |     སྤེལ་དུས།  2025-07-13

    བོད་ལྗོངས་མངའ་རིས་ས་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ཁྲིམས་དཔོན་ཕན་ཞུས་ཀྲང་གིས་བུ་བཀྲ་ཤིས་ཐེངས་དང་པོ་འཕྲད་སྐབས་ཀྱི་རྣམ་པ་ད་ལྟའང་གསལ་ལེར་དྲན་གྱི་ཡོད། དེ་ཉིན། ཁོང་དོ་བདག་གི་ཁྱིམ་དུ་གྱོད་དོན་སྒྲུབ་པར་འགྲོ་སྐབས། བུ་བཀྲ་ཤིས་ཕྱི་ལ་དོན་མི་ཕོད་པར་སྒོ་རྒྱབ་ཏུ་གབ་སྟེ་གཞན་དང་འབྲེལ་འདྲིས་བྱེད་ཀྱི་མེད། ཁོང་གིས་ཕྲུ་གུ་དེ་རང་གི་གམ་དུ་བོས་ནས་ཞིབ་ཕྲའི་གནས་ཚུལ་དྲིས་མོད། འོན་ཀྱང་བུ་བཀྲ་ཤིས་ཁ་སྦུག་དོག་པས་སྐད་ཆ་ཚིག་གཅིག་ཀྱང་ཤོད་ཀྱི་མེད།

    “དོ་བདག་གིས་བཟའ་ཚང་ཁ་བྲལ་རྒྱུའི་ཁ་མཆུ་ཞིག་རྒྱག་བཞིན་ཡོད”ཅིང་། ཁྱིམ་ཚང་ཐོར་ན། ཕྲུ་གུ་ཚོ་རྒྱུན་གཏན་གྱི་ཁོར་ཡུག་ཁྲོད་འཚར་ལོངས་ཡོང་ཐབས་བྲལ་བ་མཚོན་གྱི་ཡོད་ཅེས་ཕན་ཞུས་ཀྲང་གིས་མྱོང་ཚོར་ཟབ་མོས་བཤད།

    དུས་དེ་ནས་བཟུང་ཕན་ཞུས་ཀྲང་གིས་བུ་བཀྲ་ཤིས་ལ་དོ་ཁུར་བྱེད་འགོ་ཚུགས་ཤིང་། ཁོང་གིས་རང་འགུལ་ངང་ཕྲུ་གུར་སེམས་ཁུར་བྱས་པས་རིང་པོར་མ་སོང་བར་འདྲིས་པོ་ཆགས་པ་མ་ཟད། ད་དུང་དཀའ་ངལ་འཕྲད་སྐབས་ཁོང་ལ་སྐད་ཆ་དྲིས་ཀྱི་ཡོད།

    ཕན་ཞུས་ཀྲང་གི་ལས་ཀའི་ཁྲོད་དེ་ལྟ་བུའི་དཔེ་མཚོན་ཧ་ཅང་མང་པོ་ཡོད། གྱོད་གཞི་ཁག་གཅིག་བཅའ་ཁྲིམས་ཀྱི་ཐབས་ལ་བརྟེན་ནས་ཐག་གཅོད་བྱེད་དགོས་པ་ཕུད། ད་དུང་མང་པོ་ཞིག་ཁོང་ཚོས་སྡེ་ཁུལ་དུ་བསྐྱོད་དེ་བཅའ་ཁྲིམས་དྲིལ་བསྒྲགས་ལ་བརྟེན་ནས་རོགས་རམ་བྱེད་དགོས་ཀྱི་ཡོད། “ཐབས་ཤེས་ཡག་ཤོས་ནི་མ་འབྱུང་སྔོན་འགོག་བྱས་ནས་སྔ་ཙམ་ཐག་གཅོད་བྱ་རྒྱུ་དེ་རེད”གནད་དོན་ཐག་གཅོད་བྱ་ཆེད། ཁྲིམས་དཔོན་ཚོས་དུས་ངེས་མེད་དུ་སྡེ་ཁུལ་དུ་བསྐྱོད་ནས་སྡེ་ཁུལ་གྱི་ལས་བྱེད་པར་བཅའ་ཁྲིམས་ཀྱི་མཛུབ་ཁྲིད་དང་། འགལ་བ་གྲལ་བཤེར། རྩོད་གཞི་འདུམ་འགྲིག བཅའ་ཁྲིམས་ཀྱི་རོགས་སྐྱོར་སོགས་ཀྱི་ལས་དོན་གཏིང་ཟབ་སྤེལ་ཏེ་ཐོན་བཟོ་ཡོད་པའི་གནད་དོན་དུས་ཐོག་ཏུ་ཤེས་རྟོགས་བྱེད་ཀྱི་ཡོད།

    ཁྲིམས་འཛིན་ཁྲོད་དཀའ་ངལ་འཕྲད་པའི་ན་སོ་དར་ལ་མ་བབས་པའི་མིར་རོགས་རམ་ཇི་ལྟར་བྱེད་དགོས་སམ། “ང་ཚོས་ན་སོ་དར་ལ་མ་བབས་པའི་མིའི་ལུས་སེམས་ཀྱི་ཁྱད་ཆོས་དང་འཚམ་པའི་འདྲི་གཅོད་བྱེད་སྟངས་འཚོལ་ཞིབ་ཧུར་ཐག་བྱས་ནས། ‘བྱིས་པའི་ཁེ་ཕན་ཆེ་ཤོས་དོན་གཉེར་བྱེད་པའི’ལས་ཀའི་སྟོན་ཕྱོགས་འདྲི་གཅོད་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་དང་། དོ་བདག་གིས་ན་སོ་དར་ལ་མ་བབས་པའི་བུ་ཕྲུག་བདེ་ཐང་ངང་འཚར་ལོངས་ཡོང་བར་འགན་ལེན་བྱ་རྒྱུར་ཁྲིད་སྟོན་བྱས་ཏེ་ན་སོ་དར་ལ་མ་བབས་པའི་མི་བདེ་ཐང་ངང་འཚར་ལོངས་ཡོང་བའི་འབྲེལ་ཡོད་ལས་དོན་ཏན་ཏིག་དང་ལེགས་པར་སྒྲུབ་དགོས”ཞེས་ཕན་ཞུས་ཀྲང་གིས་བཤད།

    དེ་ནི“ཞང་ཞུང་མེ་ཏོག”བུད་མེད་ཁྲིམས་དཔོན་ཁེ་དབང་སྲུང་སྐྱོང་ལས་དོན་ས་ཚིགས་འཛུགས་པའི་ཐོག་མའི་བསམ་འདུན་རེད། མངའ་རིས་ས་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་དམངས་དོན་གྱོད་གཞི་འདུམ་འགྲིག་དིང་དང་པོའི་དིང་ཀྲང་ཟླ་བ་བཟང་མོ་ནི་ལས་དོན་ས་ཚིགས་ཀྱི་འགན་འཁུར་བ་ཞིག་རེད། ཁོང་གི་སྐུལ་འདེད་འོག་མངའ་རིས་ཁྲིམས་ཁང་གི“ཞང་ཞུང་མེ་ཏོག”བུད་མེད་ཁྲིམས་དཔོན་ཁེ་དབང་སྲུང་སྐྱོང་ལས་དོན་ས་ཚིགས་དེ་མངའ་རིས་ས་ཁུལ་ཁྱིམ་དོན་ཁྲིམས་ཁང་དུ་སྒོ་བྱང་བཀལ་ཏེ་བཙུགས་པ་རེད།“མངའ་རིས་ས་ཁུལ་ནི་བོད་ཀྱི་ཐག་རིང་ས་ཁུལ་གྱི་གྲས་ཤིག་ཡིན་པས་ཆེད་ལས་བཅའ་ཁྲིམས་ཤེས་ལྡན་པ་ལྟོས་བཅས་ཀྱིས་དཀོན་པོ་ཡོད། ང་ཚོས་རིམ་ཁག་ཁྲིམས་འཛིན་སྟོབས་ཤུགས་བསྡུ་སྒྲིལ་གྱིས་བུད་མེད་དང་བྱིས་པ་སོགས་ཚོགས་སྤྱིར་དམིགས་ནས། ཁོང་ཚོའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་གང་ཐུབ་བྱེད་ཀྱི་ཡོད”ཅེས་ཟླ་བ་བཟང་མོས་བཤད།

    ལས་དོན་ས་ཚིགས་ཀྱི་ཁྲིམས་དཔོན་ཚང་མ་བུད་མེད་ཡིན་དོན་གང་ཡིན་ནམ། “མངའ་རིས་ས་ཁུལ་དུ་ཡངས་ཤིང་རྒྱ་ཆེ་བའི་འབྲོག་ཁུལ་ཡོད་པ་དང་། དེ་གར་འཚོ་སྡོད་བྱེད་མཁན་ཁ་ཐོར་ཆེ་བ། འཕེལ་རྒྱས་རྗེས་སུ་ལུས་པ། མང་ཚོགས་ཀྱི་ཁྲིམས་སྐྱོང་འདུ་ཤེས་ལྟོས་བཅས་ཀྱིས་ཞན་པ་བཅས་ཡོད། ལྷག་པར་དུ། བུད་མེད་ཁག་གཅིག་གི་འདུ་ཤེས་བག་འཁུམ་ཡིན་པས་ཁྲིམས་དཔོན་བུ་དང་སྤེལ་རེས་གཏིང་ཟབ་བྱེད་འདོད་མེད”ཅེས་ཟླ་བ་བཟང་མོས་བཤད།

    ཐེངས་གཅིག་ཟླ་བ་བཟང་མོ་དང་ལས་རོགས་འབྲོག་ཁུལ་དུ་ཁྲིམས་འཛིན་དྲིལ་བསྒྲགས་བྱེད་པར་སྐྱོད་སྐབས། བུད་མེད་ཅིག་གིས་ཟླ་བ་བཟང་མོ་བཙལ་ནས་ཁོང་ཟུར་དུ་འབོད་དེ་རང་ཉིད་ལ་འཕྲད་པའི་གནད་དོན་དག་ཤུབ་ཤུབ་ཏུ་འདྲི་རྩིས་བྱས། “བཅའ་ཁྲིམས་ཀྱི་གནད་དོན་བློ་འདྲི་བྱེད་པར་འཚེར་སྣང་དེ་འདྲ་བྱེད་དགོས་མེད། ང་ཚོས་བཅའ་ཁྲིམས་ཀྱི་ཐབས་ལ་བརྟེན་ནས་ལུགས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱས་ཆོག”ཅེས་ཁོང་གི་དཀའ་གནད་སེམས་ནུས་ཡོད་རྒུས་ཐག་གཅོད་བྱས་རྗེས་ཟླ་བ་བཟང་མོས་བློ་འདྲི་བྱེད་མཁན་ལ་སེམས་གསོ་དང་སྐུལ་ལྕག་བཏང་། དེ་རྗེས་ཁོང་གིས་མྱུར་དུ་ས་གནས་དེ་གའི་བུད་མེད་རྩ་འཛུགས་དང་འབྲེལ་ཡོད་སྡེ་ཚན་དང་འབྲེལ་གཏུག་བྱས་ནས་ཁོང་གི་གནད་དོན་ཐག་གཅོད་ཏན་ཏིག་བྱེད་རོགས་བྱས།

    ན་ནིང་ལོ་གཅིག་ནང་། མངའ་རིས་ཁྲིམས་ཁང་གི“ཞང་ཞུང་མེ་ཏོག”བུད་མེད་ཁྲིམས་དཔོན་ཁེ་དབང་སྲུང་སྐྱོང་ལས་དོན་ས་ཚིགས་ཀྱིས་རིམ་རྩིས་བརྒྱབ་ན། སྐོར་སྐྱོད་ཁྲིམས་ཁང་ཐེངས་175བཏང་བ་དང་། ཁྲིམས་དཔོན་དང་ལས་བྱེད་ཉེན་རྟོག་པ་མི་ཐེངས་290ལྷག་ཙམ་མངགས་པར་ལམ་ཐག་སྤྱི་ལེ་ཁྲི་6.59ལྷག་ཙམ་ཟིན་ཡོད། “ང་ཚོས་གཉེན་སྒྲིག་དང་ཁྱིམ་ཚང་ཁྱབ་ཁོངས་ཀྱི་རྩོད་གཞི་སྣ་ཚོགས་ཐག་གཅོད་བྱེད་པའི་ཐབས་ལམ་འཚོལ་ཞིབ་ཟབ་མོ་བྱས་ནས། ཁྲིམས་སྐྱོང་དྲིལ་བསྒྲགས་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་སྟེ་མང་ཚོགས་ཀྱི་རེ་སྒུག་ལ་ལན་ཧུར་ཐག་འདེབས་རྒྱུ་ཡིན”ཞེས་ཟླ་བ་བཟང་མོས་བཤད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།