མཛེས་པའི་མཚོ་སྔོན་སྐོར་བའི་རྐང་འཁོར་འགྲན་བསྡུར་གྱི་འགྲན་དུམ་བཞི་པ་དང་ལྔ་པར།
ཨེ་སོ་ནི་ཡའི་བདམས་ཐོན་པ་མཱ་ཏིང་གིས་མདོ་ལའི་མཐའ་བསྡུར་ལ་ཨང་དང་པོ་བླངས་པ་དང་མོ་ཞི་ཁོའི་བདམས་ཐོན་པ་ཁ་ལུའོ་སིས་རྒྱལ་ཁ་བླངས་པ།
ཟླ་7ཚེས་10ཉིན་མཛེས་པའི་མཚོ་སྔོན་སྐོར་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་འགྲན་བསྡུར་སྐབས་ཉེར་བཞི་པའི་འགྲན་དུམ་ལྔ་པ་མདོ་ལའི་རྐང་ཚར་སྤེལ་ཞིང་། འདི་ནི་འགྲན་ཞུགས་བདམས་ཐོན་པས་རྐང་འཁོར་འགྲན་བཞིན་པ།
ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་7ཚེས་10ཉིན་གློག་འཕྲིན་འབྱོར་གསལ། ཚེས་9ཉིན་མཛེས་པའི་མཚོ་སྔོན་སྐོར་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་འགྲན་བསྡུར་སྐབས་ཉེར་བཞི་པའི་འགྲན་དུམ་བཞི་པ་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་འཇུ་ལག་ཧུད་རིགས་རང་སྐྱོང་རྫོང་དུ་འགོ་ཚུགས་ཤིང་། བདམས་ཐོན་པ་ཚོས་ལམ་ཕྱེད་སྔོན་མར་མདོ་ལ་རིང་མོའི་རི་རྒྱུད་བརྒལ་རྗེས་ཐུར་ལམ་ནས་བབས་ཏེ་མཐའ་སྣེ“ཤར་ཕྱོགས་ཀྱི་སུའེ་ཙེར་ཆུང་ཆུང”ཞེས་གྲགས་པའི་མཚོ་བྱང་ཀྲོའུ་མདོ་ལ་རྫོང་དུ་འབྱོར་བ་རེད།
འགྲན་བསྡུར་དྲག་པོ་བྱས་པ་བརྒྱུད། ཨེ་སོ་ནི་ཡའི་མྱུར་སྐྱོད་རྐང་འཁོར་རུ་ཁག་གི་བདམས་ཐོན་པ་ཨེ་སོ་ནི་ཡའི་བདམས་ཐོན་པ་ལཱ་ཡ་སི·མཱ་ཏིང་གིས་མཐའ་བསྡུར་གྱི་འགྲན་བསྡུར་དྲག་པོའི་ཁྲོད་ཚེས་8ཉིན་གྱི་འགྲན་དུམ་ལ་ཨང་དང་པོ་ལེན་མཁན་ལི་ཉིང་རྟགས་ཅན་རྐང་འཁོར་རུ་ཁག་གི་བདམས་ཐོན་པ་ཞེར་པི·ཡ་ལི་ཧྲན་ཏཱ་ལས་རྣམ་པར་རྒྱལ་ནས་ཨང་དང་པོ་བླངས་པ་རེད། ཡ་ལི་ཧྲན་ཏཱ་ལ་འགྲན་དུམ་གྱི་ཨང་གཉིས་པ་ཐོབ་པ་དང་དབྱི་ཐ་ལིའི་པ་ཏི་ཡ་ཉི་རྐང་འཁོར་རུ་ཁག་གི་བདམས་ཐོན་པ་ཀྲ་ནུང་སའེ་ལའོ·ཨེན་ལུའོ་ཁོ་ལ་ཨང་གསུམ་པ་ཐོབ་ཡོད།
འགྲན་དུམ་དེར་ལམ་ཐག་སྤྱི་ལེ་173ཡོད་པ་དང་ལ་ཉག་2དང་ལམ་བར་དུ་མཐའ་མའི་གདོང་མཆོང་བྱེད་ས་3ཡོད། བདམས་ཐོན་པ་ཚོས་ལམ་བར་དུ་གངས་དཀར་དང་། མདོ་ལའི་རྩྭ་ཐང་། མཁར་དམར་གནའ་གྲོང་རྗེས་ཤུལ་སྤྱི་གླིང་སོགས་མཛེས་ལྗོངས་ཁུལ་བརྒྱུད་དགོས་ཀྱི་ཡོད།
ཚེས་10ཉིན་མཛེས་པའི་མཚོ་སྔོན་བསྐོར་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་འགྲན་བསྡུར་སྐབས་ཉེར་བཞི་པའི་འགྲན་དུམ་ལྔ་པ་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་མདོ་ལ་རྫོང་ནས་འགོ་ཚུགས་ཤིང་། བདམས་ཐོན་པ་ཚོས་ལ་ཉག་ནས་འགྲན་བསྡུར་བྱས་རྗེས་མཐར་མཐའ་སྣེ་མཚོ་བྱང་ཀྲོའུ་རྐང་ཚ་རྫོང་དུ་འབྱོར་བ་རེད།
མོ་ཞི་ཁོའི་རྐང་འཁོར་རུ་ཁག་PETROLIKEཡི་མོ་ཞི་ཁོའི་བདམས་ཐོན་པ་ཅ་ཞི་ཡ·ཐེ་ལེ་ཧོའོ·ཁ་ལུའོ་སིས་མཐའ་བསྡུར་གྱི་གདོང་མཆོང་འགྲན་བསྡུར་ཁྲོད་འགྲན་ཡ་ལས་རྣམ་པར་རྒྱལ་ནས་ཨང་དང་པོ་བླངས་པ་དང་། ཧ་སག་སི་ཐན་ཞི་ཏེ་ཧྲེང་ཨ་སི་ཐན་རྐང་འཁོར་རུ་ཁག་གི་མུའུ་ལུའུ་པུའུ་ལན·ཧེང་ནོ་ཁི་ལ་ཨང་གཉིས་པ་ཐོབ་པ་དང་སི་ཕེན་ཞིང་ལས་དངུལ་ཁང་རྐང་འཁོར་རུ་ཁག་གི་སྟོད་གོས་སེར་པོ་དབང་མཁན་ཞིར་ཝ·ཁུའུ་སང·ཅི་ལེ་ཨེར་མོ་ལ་ཨང་གསུམ་པ་ཐོབ་པ་རེད།
འབྲེལ་ཡོད་གསར་འགྱུར།