དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ་དང་ཨ་རིའི་མཛའ་གྲོགས་ཀྱི་ཕོ་ཉ་མི་རབས་གསར་པ་གསོ་སྐྱོང་བྱ་རྒྱུ་ཡིན།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཀྲུང་ཧྲེང་།   |     སྤེལ་དུས།  2025-07-12

    ཉེ་ཆར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་འབྱུང་འགྱུར་ལོ་ལྔའི་ནང་ཨ་རིའི་གཞོན་ནུ་ལོ་ཆུང་ཁྲི་5ཀྲུང་གོར་སྤེལ་རེས་དང་སློབ་སྦྱོང་བྱེད་པར་གདན་འདྲེན་ཞུ་བའི་གྲོས་འགོར་ཞུགས་ནས་ཀྲུང་གོར་འཚམས་འདྲིར་ཡོང་བའི་ཨ་རིའི་མ་ལི་ལན་ཀྲོའུ་མེང་ཀོ་མ་ལི་ཅུན་གྱི་གཞོན་ནུ་ལོ་ཆུང་ཕི་ཁེ་སྤོ་ལོའི་རིག་གནས་སྤེལ་རེས་ཚོགས་པའི་དགེ་སློབ་ལ་གསུངས་ལན་གནང་ནས། ཁོང་ཚོ་ཀྲུང་གོར་འཚམས་འདྲི་ལམ་ལྷོངས་ཡོང་བར་རྟེན་འབྲེལ་ཞུས་པ་མ་ཟད། ཁོང་ཚོར་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་ཀྱི་ཕོ་ཉ་མི་རབས་གསར་པ་བྱས་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་མཛའ་གྲོགས་ཟབ་ཏུ་གཏོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་པའི་ཐུགས་རེ་ཡང་བཅོལ་གནང་བ་རེད། ཀྲུའུ་ཞི་ཞི་ཅིན་ཕིང་གི་ཐུགས་རེ་ཟབ་མོ་དེས་ཀྲུང་གོར་འཚམས་འདྲིར་ཡོང་བའི་ཚོགས་པའི་དགེ་སློབ་རྣམས་ལ་སྐུལ་ལྕག་ཆེན་པོ་ཐེབས་ཏེ། ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་ཀྱིས་མི་དམངས་ཀྱི་མཛའ་གྲོགས་འགྲོ་འོང་ལ་ཤུགས་སྣོན་རྒྱག་རྒྱུར་སྒུལ་ཤུགས་བསྣན་ཡོད།

    བྱ་གཞག་རླབས་པོ་ཆེ་གང་ཞིག་ཡིན་རུང་ལེགས་འགྲུབ་ཡོང་བར་ངེས་པར་དུ་མི་དམངས་ཀྱི་ཁྲོད་ནས་རྨང་གཞི་འཚོལ་དགོས་པ་དང་། མི་དམངས་ཀྱི་ཁྲོད་ནས་སྟོབས་ཤུགས་གཅིག་སྡུད་བྱས་ཏེ། མི་དམངས་ཀྱིས་ཐུན་མོང་ཐོག་ལེགས་སྒྲུབ་བྱེད་དགོས། ཀྲུང་གོ་དང་ཨ་རིའི་མཛའ་གྲོགས་ནི་བྱ་གཞག་རླབས་པོ་ཆེ་འདི་ལྟ་བུ་ཞིག་རེད། ལོ་མང་རིང་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨ་རིའི་མི་དམངས་ཀྱི་མཛའ་གྲོགས་འགྲོ་འོང་ལ་ཚད་མཐོའི་མཐོང་ཆེན་དང་སྐུ་ངོ་མས་སྐུལ་འདེད་བཏང་གནང་ལ། ལྷག་པར་དུ་ཀྲུང་གོ་དང་ཨ་རིའི་གཞོན་ནུ་ལོ་ཆུང་དབར་གྱི་སྤེལ་རེས་ལ་དེ་བས་དོ་ཁུར་ཆེན་པོ་གནང་གི་ཡོད། 2023ལོའི་ཟླ་11པར་ཀྲུའུ་ཞི་ཞི་ཅིན་ཕིང་ཅིའུ་ཅིན་ཧྲན་དུ་ཨ་རིའི་མཛའ་གྲོགས་ཚོགས་པས་མཉམ་འབྲེལ་ཐོག་འཚོགས་པའི་དགའ་བསུའི་གསོལ་སྟོན་ལ་ཞུགས་ནས་གཏམ་བཤད་གནང་སྐབས། ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་ཀྱི་མི་དམངས་དང་ལྷག་པར་དུ་གཞོན་ནུ་ལོ་ཆུང་མི་རབས་དབར་སྤེལ་རེས་རྒྱ་ཆེར་གཏོང་ཆེད། ཀྲུང་གོ་ཕྱོགས་ཀྱིས་འབྱུང་འགྱུར་ལོ་ལྔའི་ནང་ཨ་རིའི་གཞོན་ནུ་ལོ་ཆུང་ཁྲི་5ཀྲུང་གོར་སྤེལ་རེས་དང་སློབ་སྦྱོང་བྱེད་པར་གདན་འདྲེན་ཞུ་འདོད་ཡོད་ཅེས་ཁྱབ་བསྒྲགས་གནང་ཡོད། 2024ལོར་ཨ་རིའི་གཞོན་ནུ་ལོ་ཆུང་ཁྲི་1.6ལྷག་ཙམ“ལོ་ལྔར་ཁྲི་5”ཞེས་པའི་གྲོས་འགོར་ཞུགས་ནས་ཀྲུང་གོར་སྤེལ་རེས་སློབ་སྦྱོང་བྱེད་པར་ཡོང་བ་དག་ཨ་རི་ཡོངས་ཀྱི་ཀྲོའུ་50དང་ཝ་ཧྲེང་ཐོན་དམིགས་བསལ་ཁུལ་ཡོངས་སུ་ཁྱབ་ཡོད། ཨ་རིའི་གཞོན་ནུ་ལོ་ཆུང་འབོར་ཆེན་རྒྱ་མཚོ་བརྒལ་ནས་ཡོང་བ་དང་ཆབས་ཅིག་ཀྲུང་གོར་གྲོགས་པོ་གསར་པ་སྒྲིག་པ་དང་། སྐད་ཡིག་གསར་པ་སྦྱོང་བ། ཀྲུང་ཧྭའི་རིག་གནས་ཉམས་སུ་མྱོང་བ། དེང་རབས་ཀྲུང་གོ་ཤེས་ཚོར་བཅས་བྱས་པས། རྒྱལ་ཁབ་གཉིས་ཀྱི་གཞོན་ནུ་ལོ་ཆུང་དབར་གྱི་བར་ཐག་སྙིང་ཉེ་བའི་མཉམ་འགུལ་ཁྲོད་ཉེ་རུ་ཕྱིན་ཡོད།

    ཀྲུང་གོ་དང་ཨ་རིའི་འབྲེལ་བའི་འབྱུང་འགྱུར་ནི་གཞོན་ནུར་ཐུག་ཡོད་པ་དང་གཞོན་ནུའི་སྤེལ་རེས་ཀྱིས་ཀྲུང་གོ་དང་ཨ་རིའི་འབྲེལ་བ་འཕེལ་རྒྱས་གཏོང་བར་སྟོབས་ཤུགས་རྒྱུན་ཆད་མེད་པར་བསྣན་ཡོད། གསོན་ཤུགས་ཀྱིས་ཁེངས་པའི་ཕི་ཁེ་སྤོ་ལོ་རྒྱལ་ཁབ་གཉིས་ཀྱི་གཞོན་ནུ་ལོ་ཆུང་འབྲེལ་མཐུད་བྱེད་པའི་འབྲེལ་ཐག་གསར་རྐྱང་ཞིག་ཏུ་གྱུར་ཡོད། འགྲན་རའི་ཐོག་མཐུན་གཤིབ་གཞོགས་འདེགས་དམ་ཟབ་བྱེད་པ་ནས་རིག་གནས་སྤེལ་རེས་ཁྲོད་བསམ་བློ་བརྗེ་རེས་བར། ཀྲུང་གོ་དང་ཨ་རིའི་གཞོན་ནུ་ཚོས་ལང་ཚོའི་སྤྲོ་སེམས་དང་ལྷག་བསམ་ཟོལ་མེད་ཀྱི་མཛའ་མཐུན་ལ་བརྟེན་ནས་མཛའ་གྲོགས་འགྲོ་འོང་གི་ལེའུ་གསར་པ་རྩོམ་བཞིན་ཡོད། ཁོང་ཚོས་སྤེལ་རེས་ཁྲོད་ཕན་ཚུན་རྒྱུས་མངའ་གཏིང་ཟབ་ལོན་པ་དང་མཉམ་འགུལ་ཁྲོད་རིག་གནས་ཀྱི་འགལ་རྐྱེན་བསལ་ནས་གཞོན་ནུ་མི་རབས་ཀྱིས་ཞི་བདེ་དང་། མཉམ་ལས། གཉིས་ཁེ་བཅས་ཀྱི་ཐུན་མོང་གི་བསམ་འདུན་མངོན་ཡོད། སྤེལ་རེས་བྱེད་རིང། ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་ཀྱི་གཞོན་ནུ་ཚོ་དབར་གྱི་་མཛའ་གྲོགས་ནི་མི་སྒེར་གྱི་འཚར་ལོངས་ཁྲོད་ཀྱི་དྲན་ཤེས་རྩ་ཆེན་ཞིག་ཡིན་པ་མ་ཟད། རྒྱལ་ཁབ་གཉིས་པོའི་འབྲེལ་བའི་འབྱུང་འགྱུར་གྱི་རེ་བའི་འོད་སྣང་ཡང་ཡིན་པས། ཀྲུང་གོ་དང་ཨ་རིའི་གཞོན་ནུ་དེ་བས་མང་བ་ཕན་ཚུན་རྒྱུས་མངའ་དང་འཆམ་མཐུན་དང་། ལག་གདང་སྦྲེལ་ནས་མཉམ་དུ་བསྐྱོད་དེ་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་ཀྱི་ཕོ་ཉ་མི་རབས་གསར་པ་ཞིག་ཏུ་གྱུར་ནས་ཀྲུང་གོ་དང་ཨ་རིའི་འབྲེལ་བ་མུ་མཐུད་འཕེལ་རྒྱས་འགྲོ་རྒྱུར་སྒུལ་ཤུགས་སྣོན་ངེས་རེད།

    འདི་ལོ་ནི་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བའི་ལོ་རེད། ལོ་80ཡི་གོང་། ཀྲུང་གོ་དང་ཨ་རིས་ཐུན་མོང་ཐོག་ཞི་བདེ་དང་དྲང་བདེན་གྱི་ཆེད་དུ་འཐབ་འཛིང་བྱས་པ་དང་། རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་མཛའ་གྲོགས་ལ་ཁྲག་དྲོན་དང་མེ་ལྕེའི་ཚོད་བགམ་ཐེག་ནས། འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨ་རི་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་སྟོབས་ཤུགས་གཅིག་སྡུད་ཀྱིས་སྲོལ་རྒྱུན་གྱི་མཛའ་གྲོགས་རྒྱུན་མཐུད་བྱས་ནས་ཀྲུང་གོ་དང་ཨ་རིའི་འབྲེལ་བ་བརྟན་ལྷིང་དང་། སྐྱོན་བྲལ། རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་བཅས་ལ་སྐུལ་འདེད་བཏང་སྟེ་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་དེ་བས་མང་བ་དོན་གཉེར་བྱེད་འདོད་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།