2025ལོའི་གྲངས་འཛིན་དཔལ་འབྱོར་གླེང་སྟེགས་གཉེར་བ།
ཟླ་7ཚེས་9ཉིན། 2025ལོའི་གྲངས་འཛིན་དཔལ་འབྱོར་གླེང་སྟེགས་ཧོ་པེ་ཞིང་ཆེན་ལང་ཧྥང་གྲོང་ཁྱེར་དུ་གཉེར་ཞིང་། ད་རེས་ཀྱི་གླེང་སྟེགས་ཀྱི་བརྗོད་དོན་གཙོ་བོ་ནི“གྲངས་འཛིན་ཀྲུང་གོ་འཛུགས་སྐྲུན་གང་མགྱོགས་བྱེད། སྤུས་ཚད་མཐོ་བའི་འཕེལ་རྒྱས་སྐུལ་འདེད་གཏོང”ཞེས་པ་དེ་རེད། ཚོགས་ཞུགས་སྐུ་མགྲོན་གྱིས་གྲངས་འཛིན་དཔལ་འབྱོར་གང་མགྱོགས་འཕེལ་རྒྱས་གཏོང་བ་དང་། གྲངས་འཛིན་དཔལ་འབྱོར་དང་དངོས་ཚན་དཔལ་འབྱོར་མཉམ་འདྲེས་གཏིང་ཟབ་ལ་སྐུལ་འདེད་གཏོང་བ་སོགས་ལ་དམིགས་ཏེ་སྤེལ་རེས་དང་གྲོས་བསྡུར་བྱས་པ་རེད། མི་དམངས་ཉིན་རེའི་ཚགས་པར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ་ཧྥང་ཅང་ཧྲན་དང་། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གི་ཚེ་གང་རིག་གཞུང་མཚན་སྙན་ཐོབ་པའི་ཨུ་ཡོན་ཀའོ་ཕེ་ཡུང་། ཀྲུང་གོ་སུང་ཆིང་ལིང་ཐེབས་རྩ་ལྷན་ཚོགས་ཀྱི་ཏང་ཙུའི་ཧྲུའུ་ཅི་དང་ཀྲུའུ་ཞི་གཞོན་པ་ཧྲེན་པེ་ལི་སོགས་གླེང་སྟེགས་ལ་ཞུགས་ཡོད།
ཚོགས་ཞུགས་སྐུ་མགྲོན་གྱིས། རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་གྱི་གོ་སྐབས་ཁོང་དུ་བརྟན་པོ་ཆུད་པར་བྱས་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ། ཚན་རྩལ་གསར་གཏོད་དེ་ཐོན་ལས་གསར་གཏོད་དང་མཉམ་འདྲེས་གཏིང་ཟབ་ཐུབ་པ་དང་། དངོས་ཚན་དཔལ་འབྱོར་དང་གྲངས་འཛིན་དཔལ་འབྱོར་མཉམ་འདྲེས་གཏིང་ཟབ་ཐུབ་པ། ཐོན་སྐྱེད་འཕེལ་རྒྱས་དང་འཛད་སྤྱོད་ཡར་འཕེལ་མཉམ་འདྲེས་གཏིང་ཟབ་ཐུབ་པ་བཅས་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་། གྲངས་འཛིན་དཔལ་འབྱོར་རྒྱ་སྟོབས་ཆེ་རུ་དང་ལེགས་སུ་གཏོང་བ། གྲངས་འཛིན་ཀྲུང་གོ་གང་མགྱོགས་སྐྲུན་པ་བཅས་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་བརྗོད་པ་རེད།
གླེང་སྟེགས་དེ་ནི་མི་དམངས་ཉིན་རེའི་ཚགས་པར་རིག་གནས་སྨྱན་སྦྱོར་ཚད་ཡོད་ཀུང་སིས་གཙོ་གཉེར་བྱས་པ་དང་། ཀྲུང་དབྱང་དྲ་འཕྲིན་གཞུང་དོན་ཁང་སོགས་ཚན་པའི་འབྲེལ་ཡོད་འགན་འཁུར་བ་གླེང་སྟེགས་ལ་ཞུགས་པ། ཀྲུང་གོ་བཟོ་ལས་དྲ་སྦྲེལ་ཞིབ་འཇུག་ཁང་དང་རྒྱལ་ཁབ་གྲངས་གཞི་འཕེལ་རྒྱས་ཞིབ་འཇུག་ཁང་སོགས་ཀྱི་ཆེད་ལས་ཞིབ་འཇུག་ལས་ཁུངས་དང་། ཀྲུང་གོ་ཚན་རིག་ཁང་སློབ་ཆེན་དང་། པེ་ཅིང་སློབ་ཆེན། ཆིང་ཧྭ་སློབ་ཆེན་སོགས་གཙོ་གནད་མཐོ་སློབ། ས་གནས་སྲིད་གཞུང་འགའ་ཤས་དང་དེ་བཞིན་རུན་ཙེ་ཚན་རྩལ་དང་། གཡན་ཏ་ཚོགས་པ། ཤིས་ཧྥུང་ཨ་རག་སོགས་ཀྱི་ཁེ་ལས་ནས་ཡོང་བའི་འབྲེལ་ཡོད་འགན་འཁུར་བས་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ཀྱི་ལག་ལེན་དང་བསམ་ཕྱོགས་ངོ་སྤྲོད་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།