དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ས་མཐོའི་ལུག་ནག་གསོ་ཚགས་བྱས་ནས་ཕྱུག་པོའི་ལམ་དུ་བསྐྱོད་པ།

    —— གཞིས་རྩེ་གྲོང་ཁྱེར་གམ་པ་རྫོང་གུར་མེ་ཤང་ལུག་ནག་གསོ་ཚགས་ཆེད་ལས་མཉམ་ལས་ཁང་ལ་བཅར་འདྲི་བྱས་པ།

  •     སྤེལ་དུས།  2025-07-12

    འདི་ནི་མཉམ་ལས་ཁང་གི་ཕྱུགས་རྫི་པད་རྡོར་གྱིས་ལུག་གུ་པར་དུ་ལེན་བཞིན་པ།

    མི་རྣམས་ཀྱི་བག་ཆགས་སུ་ལུག་ཁྱུ་མང་ཆེ་བ་ནི་དཀར་པོ་ཡིན་པ་དང་ལུག་ནག་པོ་མཐོང་དཀོན་པོ་རེད། གམ་པ་རྫོང་གུར་མེ་ཤང་དུ་ལུག་ནག་པོ་ཀྲུང་གོའི་རྒྱལ་ཁབ་ཀྱི་ས་ཁམས་མཚོན་རྟགས་ཐོན་རྫས་ལ་བརྩི་གི་ཡོད་པ་དང་གམ་པའི་ལུག་གི་དམིགས་བསལ་རིགས་རྒྱུད་ཤིག་ཡིན་ཞིང་། གང་དེའི་ཤ་མཉེན་ལ། བྲོ་བ་ཞིམ་པ། དྲི་མ་མེད་པ། སྤྲི་དཀར་མང་བ། ཚི་ལུ་ཉུང་བ་སོགས་ཀྱི་དགེ་མཚན་མང་པོ་ཡོད་པས་ཁྲོམ་རར་བྲིན་ཁ་རྒྱུག་པོ་ཡོད་པ་རེད། དེའི་སྤུ་མདོག་ནག་པོ་ཡིན་པ་དེ་འཛད་སྤྱོད་པས་ངོ་རྟགས་ཆོད་བདེ་བའི་མངོན་གསལ་གྱི་མཚོན་རྟགས་ཤིག་ཏུ་གྱུར་ཡོད།

    གུར་མེ་ཤང་གི་ལུག་ནག་གསོ་ཚགས་ཆེད་ལས་མཉམ་ལས་ཁང་གི་འཕེལ་རྒྱས་བརྒྱུད་རིམ་ནི་རྨང་གཞི་གང་ཡང་མེད་པ་ནས་འགོ་བརྩམས་ཏེ་རིམ་བཞིན་ཚད་ལྡན་ཅན་དང་གཞི་ཁྱོན་ཅན་གྱི་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་པ་ཞིག་རེད། 2019ལོའི་ཟླ་3པར། མཉམ་ལས་ཁང་བཙུགས་མ་ཐག་པའི་སྐབས་སུ་ཁོངས་མི་དུད་ཚང་49དང་ལུག་ནག་མགོ་གྲངས་920ལས་མེད། གུར་མེ་ཤང་ལུག་ནག་གསོ་ཚགས་ཆེད་ལས་མཉམ་ལས་ཁང་གི་ལས་འཛིན་ཀྲང་ལྷག་རྒོད་ཀྱིས“མཉམ་ལས་ཁང་བཙུགས་པའི་ལོ་དང་པོར་ཆ་རྐྱེན་དང་ཉམས་མྱོང་གང་ཡང་མེད་པའི་དབང་གིས་ང་ཚོར་ལུག་ནག་མགོ་གྲངས་450གྱོང་གུན་ཕོག་བྱུང་། སྐབས་དེར་གནོན་ཤུགས་ཧ་ཅང་ཆེན་པོ་བྱུང་། འོན་ཀྱང་མ་རྐང་ནང་ཞུགས་མཁན་ཡུལ་མི་ཚོས་ཐོག་མཐའ་བར་གསུམ་དུ་ང་ཚོར་ཡིད་ཆེས་དང་རྒྱབ་སྐྱོར་བྱས་བྱུང་། ཕྱིས་སུ་གམ་པ་རྫོང་ཞིང་འབྲོག་ཅུས་ཀྱི་རོགས་རམ་འོག་རིམས་འགོག་སྨན་ཁབ་རྒྱག་པ་དང་ལོགས་དབྱེ་བྱེད་ཐབས་ལ་ཤུགས་སྣོན་བརྒྱབ་པ་བརྒྱུད། ང་ཚོས་ཉམས་ཉེན་ཆེ་ཤོས་འདི་ལས་རྣམ་པར་རྒྱལ་ནས་མཉམ་ལས་ཁང་འཕེལ་རྒྱས་མྱུར་པོ་ཕྱིན་སོང”ཞེས་བཤད།

    ལོ་ཤས་རིང་གི་འཕེལ་རྒྱས་བརྒྱུད། ཚོགས་མི་དུད་ཚང་115བར་འཕེལ་རྒྱས་ཕྱིན་པ་དང་ལག་ཡོད་ལུག་ནག་མགོ་གྲངས་4300ལྷག་ཙམ་ཟིན་ཞིང་། 2024ལོར་མཉམ་ལས་ཁང་གི་ཚོང་གཉེར་ཡོང་འབབ་སྒོར་ཁྲི་205.24ཟིན་པ་དང་དེའི་ནང་ཁོངས་མིར་བགོ་འགྲེམས་སྒོར་ཁྲི་45.47(ཚོང་གཉེར་ཡོང་འབབ་ཀྱི་22.15%ཙམ་བཟུང་ཡོད)བརྒྱབ་ཡོད། མཉམ་ལས་ཁང་གི་གཞི་ཁྱོན་འོས་འཚམ་ཆགས་པ་དང་ཐོན་ལས་ཅན་གྱི་ཆུ་ཚད་དང་ཁྲོམ་རའི་འགྲན་རྩོད་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ནས། ས་གནས་དེ་གའི་ཞིང་འབྲོག་ལས་ཀྱི་ཕན་འབྲས་ཆེ་རུ་དང་ཞིང་འབྲོག་པར་འབབ་འཕར་ཡོང་བར་སྐུལ་ཁྲིད་བྱེད་པར་ནུས་པ་གལ་ཆེན་ཐོན་ཡོད།

    དེ་དང་ཆབས་ཅིག་མཉམ་ལས་ཁང་གིས་ལུག་ནག་པོའི་བལ་གྱི་དཔལ་འབྱོར་རིན་ཐང་སྔོག་འདོན་གང་ལེགས་བྱས་ཏེ་གསོ་ཚགས་བྱས་པ་ལས་བྱུང་བའི་སྤུས་ལེགས་བལ་གྱི་རྒྱུ་ཆར་བརྟེན་ནས། འཇམ་ཞིང་དྲོ་བ་དང་ཁྲོམ་རའི་རིན་ཐང་མཐོ་བའི་ཁྱད་ཆོས་དང་ཟུང་འབྲེལ་གྱིས་ཡུལ་བབ་དང་བསྟུན་ནས་ལག་ཤེས་བསླས་འཐག་བཟོ་གྲྭ་བཙུགས་པ་དང་སྲོལ་རྒྱུན་གྱི་བཟོ་རྩལ་རྨང་གཞིར་བྱས་ཏེ། བལ་གྱི་ཉལ་ཆས་དང་། ཁ་དཀྲིས། གདན་སོགས་ཐོན་རྫས་རབ་དང་རིམ་པ་ལས་སྣོན་དང་བཟོ་སྐྲུན་བྱས་པས“གསོ་ཚགས་དང་། ལས་སྣོན། ཕྱིར་ཚོང་བཅས་ཟུང་འབྲེལ”གྱི་ཐོན་ལས་འཁོར་འབྲེལ་གྱི་རྣམ་པ་ཆ་ཚང་ཞིག་ཆགས་ཡོད་པ་རེད།

    མཉམ་ལས་ཁང་འཕེལ་རྒྱས་བྱུང་བ་དེས་ཁོངས་མི་རྣམས་ལ་ཁ་ཡོད་ལག་ཡོད་ཀྱི་ཁེ་བཟང་རག་ཡོད། གུར་མེ་ཤང་སྡེ་བྱང་གྲོང་ཚོའི་ཡུལ་མི་དབང་རྒྱལ་ནི་ཕན་པ་ཐོབ་མཁན་གྱི་གྲས་ཤིག་ཡིན་ཞིང་། “ངའི་ཁྱིམ་གྱི་ལུག་ནག་80མཉམ་ལས་ཁང་གི་མ་རྐང་ནང་ཞུགས་པ་ཡིན། ལོ་ལྟར་བགོ་འགྲེམས་སྒོར་8000རག་གི་འདུག ད་ལྟ་ང་རང་བློ་བདེ་པོས་ཕྱིར་ལས་ཀར་འགྲོ་ཆོག མཉམ་ལས་ཁང་གི་བགོ་འགྲེམས་བརྩིས་ན་ངའི་ཁྱིམ་གྱི་ཡོང་འབབ་ལྡབ་གཅིག་འཕར་ཡོད། འཚོ་བ་དངོས་གནས་སྐྱིད་པོ་འདུག”ཅེས་རྩྭ་ཐང་སྟེང་གི་ལུག་ཁྱུ་ནག་པོར་ལྟ་བཞིན་དགའ་ཚོར་ཆེན་པོས་དེ་ལྟར་བཤད།

    དེ་སྔ་མཐོང་དཀོན་པའི་ལུག་ནག་དག་ད་ཆ་གུར་མེ་ཤང་གི་འབྲོག་པ་རྣམས་ཕྱུག་འགྱུར་ལམ་བུར་བསྐྱོད་པའི་ཐབས་ལམ་ཡག་ཤོས་སུ་གྱུར་ནས། གངས་ལྗོངས་ས་མཐོའི་ཐོག་ཁྱད་ལྡན་ཐོན་ཁུངས་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་གཏོང་བའི་ལམ་བུ་གསར་པ་ཞིག་བཏིང་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།