དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • མཚོ་བོད་ལྕགས་ལམ་གོར་མོ་ནས་ལྷ་ས་དུམ་བུར་མེ་འཁོར་ཤར་གཏོང་ཐུབ་པ་ལས་བྱུང་བའི་འགྱུར་ལྡོག

    ཐལ་བ་འཚུབ་འཚུབ་ནས་དེང་རབས་ཁྲོམ་གཞུང་བར།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-07-12

    “མཚོ་བོད་ལྕགས་ལམ་གོར་མོ་ནས་ལྷ་ས་དུམ་བུར་མེ་འཁོར་ཤར་གཏོང་ཐུབ་ཙམ་ལ། འདི་གར་ནི་ཐང་རྒོད་དང་ས་ཞིང་སྦྲེལ་ནས་ཡོད་ཅིང་། གྲོང་མི་ཕལ་ཆེ་བ་ས་ཕག་ཁང་པར་སྡོད་ཀྱི་ཡོད”ལྷ་ས་མེ་འཁོར་བབས་ཚུགས་ནུབ་མའི་དངོས་ཟོག་ར་བར་ལས་ཀ་བྱས་ནས་ལོ་17སོང་བའི་ཟོག་འདྲེན་ལས་རེས་པ་ཝུའུ་ཧའོ་ཡིས་མི་རིང་བའི་སར་ཡོད་པའི་གྲལ་སྟར་འགྲིག་པའི་ཐོག་དམར་པོ་དང་གྱང་དཀར་པོའི་ཁང་པ་དག་ལ་མཛུབ་མོ་འཛུགས་བཞིན་མྱོང་ཚོར་ཟབ་མོས “ལྕགས་ལམ་གྱི་དྲིན་ལས་ཁེ་ལས་དང་ཟོག་འདྲེན་སོགས་འདི་གར་གཞིས་ཆགས་པས། གྲོང་མི་ཚང་མ་སྒོ་ར་རང་འགྲིག་གི་ཐོག་བརྩེགས་ཁང་པར་སྡོད་རྒྱུ་བྱུང་བ་མ་ཟད། རླངས་འཁོར་ཡང་ཉོ་ཐུབ་པས། སྐྱ་ནམ་རྒྱས་པའི་འཚོ་བ་སྐྱེལ་བཞིན་ཡོད”ཅེས་བཤད།

    ཟླ་7ཚེས་6ཉིན། གསར་འགོད་པ་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་གནས་ཆུང་གྲོང་རྡལ་སེར་མ་སྡེ་ཁུལ(སྔོན་ཆད་ཀྱི་སེར་མ་གྲོང་ཚོ)དུ་སྐྱོད་སྐབས། སྣུམ་ནག་གཞུང་ལམ་དང་། སྐར་ཚོགས་ལྟར་གྱི་ཚོང་ཁང་། རིག་གནས་ཐང་ཆེན་དུ་རྐང་རྩེད་སྤོ་ལོ་རྒྱག་བཞིན་པའི་བྱིས་པ། དེ་བཞིན་གློག་རྡུལ་བརྙན་ཤེལ་ངོས་ཀྱི་དངོས་ཟོག་ར་བའི་ཟོག་འདྲེན་གྲངས་གཞི་སོགས་མིག་ལམ་དུ་མངོན་ཞིང་། 2006ལོར་མཚོ་བོད་ལྕགས་ལམ་གོར་མོ་ནས་ལྷ་ས་དུམ་བུར་མེ་འཁོར་ཤར་གཏོང་མ་ཐུབ་གོང་། ས་འདི་ནི་ཐལ་རྡུལ་གྱིས་ཁེངས་པའི་གྲོང་ཚོ་ཆུང་ཆུང་ཞིག་ཡིན་པ་སུ་ཞིག་གི་སྣང་བར་འཆར་སྲིད།

    སེར་མ་སྡེ་ཁུལ་གྱི་ཚོང་ལས་ཁྲོམ་གཞུང་བརྒྱུད་སྐབས། ལྷ་ས་མེ་འཁོར་བབས་ཚུགས་ནུབ་མའི་དངོས་ཟོག་ར་བ་ནས་འཕྲུལ་འཁོར་གྱི་སྒྲ་ལྡིར་ལྡིར་དུ་གྲགས་འོང་། དངོས་ཟོག་ར་བའི་ནང་དུ་ལྗིད་འདེགས་འཕྲུལ་འཁོར་བར་མེད་དུ་འཁོར་ཞིང་། དོས་སྒམ་རི་ལྟར་སྤུངས། ཟོག་འདྲེན་རླངས་འཁོར་ནང་བཟའ་བཅའ་སོགས་ཚོང་ཟོག་སྣ་ཚོགས་བྱུར་བུར་བླུགས་ནས་གོ་རིམ་ལྡན་པའི་ངང་རྡོག་ཐོན་བྱེད་འགོ་ཚུགས། འཁོར་ཁང་དུ་གཏེར་ཆུ་དང་ཨར་ལས་རྒྱུ་ཆ་སོགས་གྲལ་འགྲིག་པོས་རྩིག་ནས་འདུག

    ལྕགས་ལམ་ཐོག་རླངས་འཁོར་སྐྱེལ་འདྲེན་གྱི་ཆེད་སྤྱོད་མེ་འཁོར་ལས་དངུལ་འོད་ཆེམ་ཆེམ་དུ་འཕྲོ་ཞིང་། མཚོ་བོད་ལྕགས་ལམ་ཟོག་འགྲེམས་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་རྡོ་རྗེས་ངོ་སྤྲོད་བྱས་པ་ལྟར་ན། དེང་གི་ཆར། འཁོར་གཏོང་ཡུལ་སྐོར་དར་སོ་ཆེ་བས། ཡུལ་སྐོར་བ་ཁག་གཅིག་གིས་སྔོན་ཚུད་ནས་རླངས་འཁོར་ལྷ་སར་མངགས་སྐྱེལ་དང་། རང་ཉིད་གནམ་གྲུར་བསྡད་ནས་བོད་དུ་ཡོང་སྟེ། བོད་དུ་སླེབས་རྗེས་རླངས་འཁོར་བླངས་ནས་ས་མཐོར་ཡུལ་སྐོར་བྱེད་ཀྱི་ཡོད། ཡུལ་སྐོར་བ་མང་བའི་དུས་སུ་ལྕགས་ལམ་སྡེ་ཚན་གྱིས་ཟླ་བ་གཅིག་ལ་རླངས་འཁོར་ཆིག་སྟོང་ལྷག་ཙམ་སྐྱེལ་འདྲེན་བྱེད་ཀྱི་ཡོད།

    ཟོག་འདྲེན་ལས་རེས་པ་འཕྲིན་ལས་བསོད་ནམས་ཀྱིས་སྐོར་ཞིབ་བྱེད་སྐབས་རྟག་ཏུ་འབེབས་བཅུག་བཟོ་པ་རྣམས་དང་ཅི་འཕྲོས་མོལ་འཕྲོས་ཤོད་པར་དགའ། ཁོང་གིས“ལས་རོགས་འདི་དག་དེ་སྔ་ཕྱུགས་འཚོས་ནས་སྡོད་ཀྱི་ཡོད། ད་ཆ་ལག་རྩལ་བཟོ་པར་གྱུར་ནས་ཟླ་རེར་གླ་ཆ་མི་ཉུང་བ་ཞིག་ལེན་རྒྱུ་ཡོད”ཅེས་དང་། ཡང་རྒྱང་རིང་དུ་གྲལ་འགྲིག་པོར་བརྩེགས་ཡོད་པའི་རྫས་ལུད་དོ་པོ་དག་ལ་མཛུབ་མོ་བཙུགས་ནས་གསར་འགོད་པར“ན་ནིང་དངོས་ཟོག་ར་བ་ནས་དངོས་ཟོག་དབོར་ཚད་ཏུན་ཁྲི་114.3ཟིན་པ་དང་དངོས་ཟོག་ར་བར་འབྱོར་བའི་དངོས་ཟོག་ཏུན་ཁྲི་481.5ཟིན་ཡོད། འབེབས་བཅུག་ལམ་ཐིག་ཀྱང་ཁག་4ནས་11བར་རྒྱ་བསྐྱེད་པས། ཐ་ན་ནོར་ཤ་སོས་པའང་དབོར་འདྲེན་བྱེད་ཐུབ”ཅེས་བཤད།

    དངོས་ཟོག་ར་བའི་སྒོ་ཁའི་ཟོག་འགྲེམས་ལས་གཉེར་ཁང་གི་གློག་རྡུལ་བརྙན་ཤེལ་ལས་ཉིན་དེའི་དྲ་ཐོག་གི་མངགས་ཐོའི་གྲངས་གཞི་འཆར་ཡོང་། 2017ལོར་ཟོག་འདྲེན་གློག་རྡུལ་ཅན་དུ་གྱུར་པ་ནས་བཟུང་། དངོས་ཟོག་ར་བར་ཉིན་རེར་ཆ་སྙོམས་སྐུ་མགྲོན་120ཡིས་95306ལས་སྟེགས་བརྒྱུད་ལས་སྒོ་གཉེར་གྱི་ཡོད་པ་རེད། ལྷ་ས་ཧྭ་ཐིང་ཚོང་དོན་ཀུང་སིའི་འགན་འཁུར་བ་ཁྲིན་པིན་ཀྲུང་གིས“སྔོན་ཆད་ལས་སྒོ་སྒྲུབ་པར་ཐེངས་ཁ་ཤས་རྒྱུག་དགོས་ཀྱང་། ད་ཆ་ལག་ཐོགས་ཁ་པར་ཐོག་མནན་ཙམ་བྱས་ན་དངོས་ཟོག་གང་དུ་སླེབས་ཡོད་མེད་དུས་ཐོག་ཏུ་མཐོང་ཐུབ་པས་སྟབས་ཧ་ཅང་བདེ་པོ་འདུག”ཅེས་བསྟོད་པའི་མེ་ཏོག་ཡང་ཡང་གཏོར།

    ས་སྲོས་ཀྱི་མཚམས་སུ། གཏེར་ཆུ་བླུགས་པའི་མེ་འཁོར་ཞིག་ལྷ་སའི་བབས་ཚུགས་ནུབ་མ་ནས་དལ་གྱིས་ཐོན། སྡེ་ཁུལ་རིག་གནས་ཐང་ཆེན་དུ་རྒན་རྒོན་ཚོས་ལུས་སྦྱོང་བྱེད་པ་དང་། ཕྲུ་གུ་ཚོ་རྩེད་འཇོར་ཅི་དགར་རོལ་བ། གསར་དུ་བསྐྲུན་པའི་བུ་བཅོལ་ཁང་ཡང་དེའི་རྒྱབ་ཏུ་གནས། སེར་མ་སྡེ་ཁུལ་གྱི་གྲོང་མི་ཚེ་རིང་སྒྲོལ་མས་རང་ཁྱིམ་གྱི་ཁྱིམ་ཚང་མགྲོན་ཁང་ལ་ཤེལ་ཡོལ་གསར་པ་བསྒར་བཞིན་ཡོད། ཁོ་མོའི་བཟའ་ཟླ་དངོས་ཟོག་ར་བར་དབྲག་འཁོར་གཏོང་གི་ཡོད་པར་ཟླ་རེའི་ཡོང་འབབ་སྒོར་ཁྲི་གཅིག་ཙམ་ཟིན་གྱི་ཡོད། ཁོ་མོས་དགའ་ཚོར་ཆེན་པོས“ལྕགས་ལམ་ཤར་གཏོང་ཐུབ་པས་ཡུལ་སྐོར་བའང་ཇེ་མང་དུ་འགྲོ་བཞིན་འདུག ངས་ཁང་པའི་གཅིག་ཐོག་ཇ་ཁང་དུ་སྒྱུར་བཟོ་དང་། ཉིས་ཐོག་མགྲོན་ཁང་དུ་བཅོས་ནས་བོད་ཀྱི་ཁྱད་ཆོས་ལྡན་པའི་ཁྱིམ་ཚང་མགྲོན་ཁང་ཞིག་གཉེར་གྱི་ཡིན”ཞེས་བཤད།

    རྡོ་རྗེས་རྟག་ཏུ་ལས་རོགས་ལོ་ཆུང་བ་ཚོར“ལྕགས་ལམ་གྱིས་དངོས་ཟོག་དབོར་འདྲེན་བྱེད་པ་ཙམ་མིན་པར། ང་ཚོར་ད་དུང་བསམ་བློ་གསར་པ་ཡང་ཁྱེར་ཡོང་གི་ཡོད”ཅེས་ཤོད་ཀྱི་ཡོད། སྔོན་ཆད་སྡེ་ཁུལ་གྱི་གྲོང་མིས་གནམ་ཆུ་བསྒུགས་ནས་ཕྱུགས་འཚོ་གི་ཡོད། ད་ཆ་མི་ཁ་ཤས་ཀྱིས་གློག་རྡུལ་ཚོང་ལས་སྦྱངས་ནས་བོད་རུམ་འཚོང་བ་དང་། ཁ་ཤས་ཀྱིས་དངོས་ཟོག་ར་བའི་དོ་དམ་པ་བྱེད་པ། ད་དུང་ཁ་ཤས་ཀྱིས་འབྲོག་ཁྱིམ་སྤྲོ་སྐྱིད་ཁང་དེ“ལྕགས་ལམ་གྱི་བརྗོད་བྱ་གཙོ་བོའི་ཁྱིམ་ཚང་མགྲོན་ཁང”དུ་བསྒྱུར་ཡོད། དེ་དག་ནི་མཚོ་བོད་ལྕགས་ལམ་གྱིས་ས་མཐོར་ཕུལ་བའི་ལྗིད་ཏིག་ཏིག་གི་ལེགས་སྐྱེས་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།