རྒྱ་རིགས་བཟའ་ཚོ་གཉིས་ཀྱི་སྤྲོ་སྣང་ལྡན་པའི་འཚོ་བ།
ཐོ་རེངས་ཀྱི་ཆུ་ཚོད་བཞི་པ་ཙམ་ལ་ལོ་55ལ་སླེབས་པའི་ཁྲེན་ཅིང་གིས་གློག་འོད་ཀྱི་འོག་ཏུ་སྔོ་ཚལ་འདེམས་སྒྲུག་རྒྱག་པ་དང་ཟླ་བོ་ལི་མི་ལེང་གིས་འགྲམ་དུ་བྱང་གོམས་ཆེན་པོས་དངོས་ཟོག་དབོར་རྩིས་བྱེད། ད་བར་དུ་ལི་མི་ལེང་བཟའ་ཚོས་ལྷ་སར་སྔོ་ཚལ་བཙོངས་ནས་ལོ་32འདས། ལྕགས་པོ་རིའི་རི་གཤམ་གྱི་ཚལ་ཁྲོམ་ནས་སྐུ་འབུམ་ཐང་ཞིང་ལས་ཐོན་རྫས་ཁྲོམ་རའི་གཏན་འཇགས་ཁྲོམ་བཀྱག་བར་དང་སྔོ་ཚལ་སྣ་ཁ་20ནས་སྣ་ཁ་80ལྷག་ཙམ་བར་དུ་ལི་མི་ལེང་དང་ཁྲེན་ཅིང་བཟའ་ཚོས་ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་སྔོ་ཚལ་ཚོང་བའི་ལམ་དུ་ཞུགས།
“ལྷ་སར་འཚོ་བ་གང་འདྲ་འདུག”ཅེས་འདྲི་སྐབས་ཁྲེན་ཅིང་གིས་འཕྲལ་མར་ལས་ཀ་བྱེད་མཚམས་བཞག་ནས“ཡག་པོ་འདུག གནས་འདིའི་མི་རྣམས་སེམས་པ་བཟང་པོ་འདུག་པས་དྲོ་སོབ་སོབ་ཀྱི་ཚོར་སྣང་ཞིག་འདུག”ཅེས་བཤད།
ས་མཐོར་ལས་གཏོད་བྱས་པའི་ལོ་ཟླ།
1993ལོར་ལོ་23ལ་སླེབས་པའི་ཁྲེན་ཅིང་གིས་ལག་ཏུ་སྤ་སེ་ཁམ་མི་ཁུམ་མི་ཞིག་ཁུར་ཏེ། ལི་མི་ལེང་དང་མཉམ་དུ་ཐག་རིང་འགྲུལ་སྐྱེལ་རླངས་འཁོར་དུ་བསྡད་དེ་ཁྲེང་ཏུའུ་ནས་ལྷ་སར་ཡོང་།
འགྲུལ་སྐྱེལ་རླངས་འཁོར་རྙིང་པ་ཞིག་ལ་འགྲུལ་པ་ཉི་ཤུ་ལྷག་ཙམ་བླུགས་ནས་ཡོམ་འཁྲུག་ཆེན་པོས་གཏོང་འགོ་ཚུགས། ཉིན་དྲུག་དང་མཚན་ལྔ་འགྲུལ་བཞུད་བྱས་མཐར་ལྷ་སར་འབྱོར་ཙམ་བྱུང་། “སྐབས་དེར་ལུས་པོ་ཡོངས་ལ་འདམ་པ་དང་ཐལ་རྡུལ་གྱིས་ཁེངས་པ་མ་ཟད། རྐང་པ་གཉིས་ཀ་སྐྲངས་ཏེ་ལྷམ་ཡང་འབུད་ཐུབ་ཀྱི་མི་འདུག མཆུ་ཏོ་སྨུག་པོར་གྱུར་ལ་སྐམ་ནས་གས་པ་དང་། ཐ་ན་དབུགས་ཀྱང་རྔུབ་གཏོང་མི་ཐུབ་པར་གཟུགས་པོ་ཤིན་ཏུ་མི་བདེ་བར་གྱུར་སོང”ཞེས་ཁྲེན་ཅིང་གིས་ཕྱིར་དྲན་བྱེད་ཀྱིན་བཤད།
“ཉིན་ལྟར་གྱི་ཐོ་རེངས་ཆུ་ཚོད་གསུམ་པར་མལ་ནས་ལངས་པ་དང་། ཆུ་ཚོད་དྲུག་པར་ཚལ་རྣམས་སྒྲིག་པ། དགོང་མོའི་ཆུ་ཚོད་བརྒྱད་པར་ཚལ་ཁྲོམ་བསྡུ་གསོག་རྒྱག་པ་བཅས་ནི་འཆར་ཅན་གྱི་ལས་ཀ་རེད། ལོ་ངོ་32རིང་ཁོང་གཉིས་པོས་ཞོགས་སྔ་ལངས་དང་དགོང་ཕྱི་ཉལ་གྱིས་དཀའ་ལས་གྲངས་ལས་འདས་པ་བརྒྱབ། “དཀའ་ལས་ཁག་ཐག་ཆོད་ནས་ལས་ཀ་འདི་བྱེད་འདོད་མ་བྱུང་བ་ཐེངས་མང་བྱུང་། ཉིན་གཉིས་པར་ཚོང་ཤག་གིས་ཁྲོམ་བཀྱག་གི་མདུན་དུ་འོང་ནས་དེ་རིང་ཁྲོམ་ཕྱི་པོ་དེ་འདྲ་བཏོན་དོན་གང་ཡིན་ནམ་ཞེས་སྐད་ཆ་འདྲི་སྐབས་གློ་བུར་དུ་བློས་གཏོང་མི་ཕོད་པ་ཞིག་བྱུང”ལི་མི་ལེང་གི་སྐད་གདངས་ནས“རྐྱེན་ངན་བར་ཆད་འཕྲད་རྗེས་སྲོག་ཉེན་ལས་ཐར་བ”ལྟ་བུའི་རྣམ་འགྱུར་མཚོན། སྔོན་ཆད་བཟོད་མི་ཐུབ་བསམས་པའི་ཉིན་མོ་དག་ཚོང་ཤག་གི་སེམས་ཁུར་དང་ཡིད་ཆེས་འོག་རྒྱུན་འཁྱོངས་བྱེད་པའི་སྒུལ་ཤུགས་སུ་གྱུར།
སེམས་ཁྲལ་རྫོགས་རྒྱུ་མེད་པའི་ཁྲོད་ཀྱི“ཁྱིམ”གཉིས།
ལོ་32རིང་བཟའ་ཚོ་གཉིས་པོ་ཁྱིམ་དུ་ཐེངས་བཅུ་གྲངས་ལས་ལོག་མྱོང་མེད། ཉེ་བའི་ལོ་བཞིའི་དཔྱིད་གསར་དུས་ཆེན་ཚང་མ་ཁྲོམ་བཏོན་ནས་སྡོད་དགོས་བྱུང་། “བུ་མོ་ད་ལོ་སློབ་གྲྭ་ཐོན་པ་དང་། བུ་ཁྲེང་ཏུར་ལས་ཀར་ཚུད་སོང་། ཕྲུ་གུ་ཚང་མར་རང་ཉིད་ཀྱི་ལས་ཀ་ཡོད་པས་བྲེལ་བ་ཚ་པོ་འདུག”ཁོ་མོས་ནང་མི་ལྷན་འཛོམས་ཀྱི་པར་བསྟན། པར་ནང་ཁོ་མོའི་བུས་ཕྱི་ལུགས་ཤིས་ཀྲོང་གྱོན་པ་དང་བུ་མོས་ཤེས་རམས་པའི་ཞྭ་མོ་གྱོན་འདུག“ཆུང་དུས་དབྱར་དགུན་གཉིས་ཀྱི་གུང་གསེང་སྐབས་ཁོ་གཉིས་རྟག་ཏུ་ང་ལ་རོགས་པ་བྱེད་དུ་ཡོང་གི་ཡོད། གློག་གི་རྒྱ་མ་བེད་སྤྱོད་གཏོང་སྟངས་དེ་ཡང་བུས་ང་ཚོར་བསླབ་བྱུང”ཞེས་དང“བུ་མོས་ཀྱང་རྒྱུན་དུ་ང་ཚོར་ལས་ཀ་བྱེད་མི་དགོས་ཟེར་གྱི་འདུག འོན་ཀྱང་ང་ཚོ་ལས་ཀ་མེད་པར་ལྷོད་པོར་བསྡད་ན་གོམས་ཀྱི་མི་འདུག སྔར་རྒྱུན་བཞིན་ཚལ་ཁྲོམ་བཏོན་པ་འདི་ཁྱིམ་གཞན་ཞིག་སྲུང་བ་དང་ཁྱད་མེད”ཅེས་ཁྲེན་ཅིང་གིས་འཛུམ་དམུལ་དམུལ་ངང་བཤད།
ལི་མི་ལེང་གིས་ལག་མཐིལ་གྱི་ཤ་རོ་དྲད་དྲད་བཏང་། ཤ་རོ་དེ་དག་ནི་ལོ་32རིང་དཀའ་ལས་བརྒྱབ་པའི་མཚོན་རྟགས་རེད། “འདི་གའི་མི་རྣམས་བདེན་པ་བདེན་ཐུབ་ཅིག་འདུག ང་ཚོས་མུ་མཐུད་་འདི་གར་སྡོད་འདོད་འདུག”ཅེས་བཤད།
ཚོང་ཤག་མིག་ནང་གི“བློ་བདེའི་ཁྲོམ་བཀྱག”
སྐུ་འབུམ་ཐང་ཞིང་ཚོང་ཁྲོམ་རའི་བཟའ་ཚོ་གཉིས་ཀྱི་ཁྲོམ་བཀྱག་གི་མདུན་དུ་རྒྱུན་དུ་ཚོང་ཤག་རྙིང་པས་ཁེངས།“ཚལ་སོས་པ་འདུག་ལ་རིན་གོང་ཡང་འཚམ་པོ་འདུག འདིར་ཐེངས་མང་ཡོང་མྱོང”ཞེས་དང“ཐེངས་ཤིག་ཚལ་ཉོ་སྐབས་དངུལ་འཁྱེར་རྒྱུ་བརྗེད་འདུག་པར་སྦྱིན་བདག་ཁོང་གིས་རྗེས་མ་ཡོང་དུས་སྤྲད་ན་འགྲིག་གི་རེད་ཟེར་གྱི་འདུག དེང་སང་མི་རྒྱུས་མེད་ལ་ཡིད་ཆེས་དེ་ལྟ་བུ་བྱེད་མཁན་དཀོན་པོ་རེད”ཅེས་གྲོང་མི་ཝང་གིས་ཚལ་འདེམས་བཞིན་བཤད་བྱུང་།
ས་སྲོས་མཚམས་སུ། བཟའ་ཚོ་གཉིས་པོས་སྔོ་ཚལ་ལྷག་འཕྲོ་བསྡུ་གསོག་རྒྱག་བཞིན་ཡོད། ཁྲེན་ཅིང་གིས་ལྷ་སའི་ཁྲོམ་གཞུང་གི་གློག་སྒྲོན་ལ་ལྟ་ཞོར་དུ་གདོང་ནས་འཛུམ་མདངས་འཕྱུར། “ད་ཆ་རེ་བ་ཆེ་ཤོས་ནི་བུ་སྔ་ཙམ་གཉེན་སྒྲིག་བྱས་ནས་ཚ་བོ་དང་ཚ་མོ་བྱུང་ན་བསམ་གྱི་འདུག ཚ་བོ་ཚ་མོ་བྱུང་ན་ཕོ་བྲང་པོ་ཏ་ལར་ལྟ་བར་ཁྲིད་འདོད་འདུག་ལ། ཁོང་ཚོར་ང་གཉིས་ཀྱིས་ཚལ་བཙོངས་པའི་སྐོར་ཤོད་འདོད་བྱུང”ཞེས་བཤད། ལི་མི་ལེང་གིས་ཀྱང་འཁོར་གསུམ་རྐང་འཁོར་སྟེང་དུ་སྔོ་ཚལ་བླུགས་པའི་སླེ་པོ་འཇོག་གིན། ད་དུང་ལྷ་ས་གྲོང་ཁྱེར་ཡང་དེ་བས་འཕེལ་རྒྱས་ཡག་པོ་ཡོང་བའི་རེ་བ་ཡོད། ང་ཚོས་ད་དུང་ལྷ་སར་ལོ་ཁ་ཤས་བསྡད་ནས་དེ་གའི་འགྱུར་ལྡོག་གི་བདེན་དཔང་བྱེད་འདོད་འདུག”ཅེས་བཤད།
ཡུལ་གཞན་གྱི་ཟླ་འོད་ཕ་ཡུལ་དྲན་པའི་འཕྲེང་སེམས་ལ་གྱུར་པ།
“མི་འགས་རེས་དཀའ་ལས་ཁག་གི་མི་འདུག་གམ་ཟེར་གྱི་འདུག དཀའ་ལས་ཡོད་པ་ཨ་ཅང་བརྗོད་མེད་རེད” ཁྲེན་ཅིང་གིས་ཙོང་ཆག་པ་མཐའ་མ་དེ་བསྡམས་ཏེ“ཁྱེད་རང་གིས་གཟིགས་དང་། ལྷ་སར་བ་གམ་ཁང་བཟང་ཡོད་པ་དང་། ང་ཚོར་ཡང་གཏན་འཇགས་ཀྱི་ཁྲོམ་བཀྱག་ཡོད། བུ་ཕྲུག་ཚང་མ་རང་མགོ་ཐོན་སོང་བས་དེ་ནི་སྡུག་པོ་སྔོན་ལ་མྱངས་ན་སྐྱིད་པོ་རྗེས་ལ་ཡོད་ཟེར་བ་དེ་མིན་ནམ”ཞེས་བཤད། ད་ཆ་བཟའ་ཚོ་གཉིས་པོས་སྔ་ས་ནས“ཕ་ཡུལ་གཉིས་པ”ཟེར་བ་ནི་ཚབ་བྱེད་ཅིག་ལ་མ་བརྩི་བར། དེ་ནི་ཡུལ་གཞན་གྱི་ཟླ་འོད་སྔ་ས་ནས་རང་ཉིད་ཀྱི་ཕ་ཡུལ་དྲན་པའི་འཕྲེང་སེམས་ལ་འགྱུར་བ་ཤེས་ཀྱི་ཡོད།
ཁྲེན་ཅིང་གིས་བོད་སྐད་བདེ་པོས་བོད་རིགས་ཨ་ཅག་ཅིག་ལ“སང་ཉིན་མཇལ་ཡོང”ཞེས་བརྗོད་པ་དང་། ལི་མི་ལེང་གིས་ཀྱང་མལ་གྲོ་གུང་དཀར་རྫོང་དང་ཆུ་ཤུར་རྫོང་གི་ཞོག་ཁོག་གི་ཁྱད་པར་འབྱེད་ཤེས་པས་ཁོ་ཚོ་སྔ་ས་ནས་ས་མཐོར་རྒྱུས་མངའ་ཆེ་བའི་ཡུལ་མིར་གྱུར།