ཉིང་ཁྲི་གྲོང་ཁྱེར་གྱིས་ཉིས་བརྒྱུད་ཁང་པ་ཉོ་ཚོང་ཕྱོགས་བསྡུས་ཞབས་ཞུའི་སྐར་ཁུང་བཙུགས་པ།
ཉེ་ཆར། ཉིང་ཁྲི་གྲོང་ཁྱེར་སྲིད་དོན་ཞབས་ཞུ་ལྟེ་གནས་ཀྱི་ཉིས་བརྒྱུད་ཁང་པ་ཉོ་ཚོང་ཕྱོགས་བསྡུས་ཞབས་ཞུའི་སྐར་ཁུང་དུ། གྲོང་མི་ཡུས་ཞའོ་ཧྥང་གིས་ཆུ་ཚོད་ཕྱེད་ཀ་ཙམ་གྱི་ནང་དཔྱད་གཞི་ཚང་མ་ནང་འཇུག་བྱས་ཏེ་ཁང་བདག་བརྗེ་བའི་འགྲོ་ལུགས་མཐའ་དག་བདེ་བླག་ངང་གཉེར་ཚར་པ་རེད། དེ་སྔའི་འགྲོ་ལུགས་གཉེར་སྟངས་ཕྱིར་དྲན་བྱེད་སྐབས། ཁོ་མོས“སྔོན་ཆད་ཉིས་བརྒྱུད་ཁང་པ་ཉོ་ཚོང་བྱེད་དུས་གྲོང་ཁྱེར་སྡོད་ཁང་འཛུགས་སྐྲུན་དང་ཁྲལ་དོན་དང་། བྲག་ཡིབ་ཆུས་སྡོད་ཁང་འཛུགས་སྐྲུན་དང་གཏན་འཇགས་རྒྱུ་ནོར་སོགས་སྐར་ཁུང་མང་པོར་བང་བསྒྲིགས་ཏེ་དཔྱད་གཞིའི་ཡིག་ཆ་གཅིག་པར་སློག་མང་པོ་བརྒྱབ་ནས་ཐེངས་ཁ་ཤས་སྤྲོད་དགོས། ད་ཆ་སྐར་ཁུང་གཅིག་ནས་ཨང་ཀི་ཐེངས་གཅིག་བཀག་སྟེ་དཔྱད་གཞིའི་ཡིག་ཆ་ཆ་ཚང་གཅིག་སྤྲད་ན་ཆོག་གི་འདུག”ཅེས་ཚོར་སྣང་ཟབ་མོའི་སྒོ་ནས་བཤད།
ཉིས་བརྒྱུད་ཁང་པ་ཉོ་ཚོང་ཕྱོགས་བསྡུས་སྐར་ཁུང་བཙུགས་པ་དེ་ནི་ཉིང་ཁྲི་གྲོང་ཁྱེར་གྱིས་ཕྱོགས་བསྡུས་སྐར་ཁུང་སྒྱུར་བཅོས་ཟབ་ཏུ་བཏང་བའི་བསྡུས་རིས་ཤིག་རེད། ཉིང་ཁྲི་གྲོང་ཁྱེར་སྲིད་འཛིན་ཞིབ་མཆན་དང་དམངས་ཕན་ཞབས་ཞུ་ཅུས་ཀྱིས་ཞིབ་ཕྲ་ནས་ནུས་ཤུགས་འདོན་པ་དང་མང་ཚོགས་ཀྱི་དགོས་མཁོ་དངོས་ལ་གཞིགས་ནས་སྲིད་དོན་ཞབས་ཞུ་ཚད་ལྡན་ཅན་དང་། ཚད་གཞི་ཅན། སྟབས་བདེ་ཅན་བཅས་འཛུགས་སྐྱོང་ལ་སྐུལ་འདེད་ཏན་ཏིག་བཏང་བ་རེད། ཕྱོགས་བསྡུས་སྐར་ཁུང་སྒྱུར་བཅོས་ལས་དོན་སྤེལ་ཚུན། སྡེ་ཚན་27དང་དོན་ཚན་156ཁྱད་མེད་བདག་སྤྲོད་ཐུབ་པ་དང་དུས་མཚུངས་གྲོང་ཁྱེར་ལྟ་འདོམས་དང་། སྨན་བཅོས་འགན་བཅོལ། སྤྱི་བདེ། འགྲིམ་འགྲུལ་སྐྱེལ་འདྲེན། སྤྱི་གསོག་མ་དངུལ་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་སྐར་ཁུང་ཕྱོགས་བསྡུས་བདག་སྤྲོད་རིམ་སྤོར་ལས་དོན་ཡང་ལེགས་གྲུབ་བྱུང་ནས། “དོན་དག་གཅིག་སྒྲུབ་པར་སྐར་ཁུང་མང་པོར་ཡར་རྒྱུག་མར་རྒྱུག”བྱེད་པ་ནས“སྐར་ཁུང་གཅིག་ནས་དོན་དག་མང་པོ་སྒྲུབ་པའི”བར་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་ཐེབས་ཏེ། མང་ཚོགས་ལ་དོན་དག་སྒྲུབ་པར་སྔར་བས་བློ་བདེ་དང་སྔར་བས་སྟབས་བདེ་བྱུང་ཡོད་པ་རེད།