ཧུའུ་པེ་དང་། ཧུའུ་ནན། ཨན་ཧུའེ་ཞིང་ཆེན་གསུམ་གྱི་བོད་སྐྱོར་ལས་བྱེད་ཤེས་ལྡན་པས།
མཐུན་སྒྲིལ་རྡོག་རྩ་གཅིག་ཏུ་སྒྲིལ། ཡར་ཀླུང་ལེའུ་གསར་མཉམ་དུ་རྩོམ།
ཨན་ཧུའེ་ཡིས་སྐྲུན་རོགས་བྱས་པའི་ལྷོ་ཁ་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་གཉིས་པའི“རིག་ལྡན་སློབ་གྲྭའི”འཛུགས་སྐྲུན་རྣམ་གྲངས་ཡིན་པ།
ཧུའུ་པེའི་བོད་སྐྱོར་ཁེ་ལས་བོད་ལྗོངས་ཡར་གཙང་རྩིས་རྒྱག་ཚན་རྩལ་ཚད་ཡོད་ཀུང་སིའི“ཡར་གཙང་ཨང་དང་པོའི”རིག་ནུས་རྩིས་རྒྱག་ལྟེ་གནས་ཀྱི་རིག་ནུས་རྩིས་རྒྱག་འཕྲུལ་ཁང་ཡིན་པ།
ཧུའུ་པེའི་བོད་སྐྱོར་ཁེ་ལས་བོད་ལྗོངས་ཆིང་ཅང་གློག་ཆས་ཚན་རྩལ་ཚད་ཡོད་ཀུང་སིའི་བཟོ་པས་གསོ་རླུང་བཟོ་ཆས་སྒྲིག་སྦྱོར་བྱེད་བཞིན་པ།
ཨན་ཧུའེ་ཞིང་ཆེན་བོད་སྐྱོར་ལས་བྱེད་ཤེས་ལྡན་པས་ཚོང་འགུགས་མ་འདྲེན་བྱས་པའི་མཚོ་སྨད་གྲི་གུའི་རླུང་གློག་ཡིན་པ། པར①②③④བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་ཁག་གིས་མཁོ་འདོན་བྱས།
“ཡར་གཙང་ཨང་དང་པོ”ཞེས་པའི་ཐབས་རིག་ནུས་རྩིས་རྒྱག་ལྟེ་གནས་ལྷོ་ཁར་བཙུགས་པ་དང་། དེར་ཧུའུ་པེའི་ལག་རྩལ་སྤྱད་པ་ཡིས་སྐར་ཆ་རེར་རྩིས་ཐེངས་དུང་ཕྱུར་ཁྲི་རྒྱག་པའི་བྱེད་ནུས་ལྡན་དེ། བོད་ཀྱི་རྩིས་ནུས་ཐོན་ལས་ཀྱི་མཐོ་ས་བསྐྲུན་ཞིང་། ས་མཐོའི་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་ལ་སྐུལ་འདེད་ཐེབས་ཡོད།
ཧུའུ་ནན་གྱི་རྒྱབ་སྐྱོར་ཤུགས་ཆེན་འོག ཀྲུང་ཁྲེ་ལྷོ་ཁ་ནུས་རྒྱུ་གཙང་མའི་སྒྲིག་ཆས་ཐོན་ལས་གླིང་གིས་ཐོན་སྐྱེད་དངོས་སུ་བྱེད་འགོ་ཚུགས་པ་དང་། དེ་ནི་བོད་ཀྱི་ནུས་རྒྱུ་གཙང་མའི་སྒྲིག་ཆས་ཐོན་ལས་རྟེན་གཞི་དང་པོ་ཡིན་ལ། མིག་སྔར་གོ་ལ་ཧྲིལ་པོའི་ས་བབ་མཐོ་ཤོས་ཀྱི་ནུས་རྒྱུ་གཙང་མའི་སྒྲིག་ཆས་རྟེན་གཞི་ཡང་ཡིན།
ཨན་ཧུའེ་བོད་སྐྱོར་གྱིས་འོད་ཤུགས་རླུང་གློག་སོགས་ནུས་རྒྱུ་གསར་པའི་ཐོན་ལས་ཇུས་འགོད་དང་འཕེལ་རྒྱས་བཏང་སྟེ། འཛམ་གླིང་ཐོག་ས་བབ་མཐོ་ཤོས་ཀྱི་བོད་ཀྱི་ཁ་ཐོར་རྣམ་པའི་རླུང་ཤུགས་རྣམ་གྲངས་དང་པོ་སྟེ། མཚོ་སྨད་གྲི་གུའི་རླུང་གློག་ར་བའི་གློག་དྲ་སྦྲེལ་མཐུད་བྱས་ནས་གློག་བཏང་ཡོད།
2022ལོའི་དབྱར་ཁར། ཧུའུ་པེ་དང་ཧུའུ་ནན་གྱི་ཁག་བཅུ་པ་དང་ཨན་ཧུའེ་ཡི་ཁག་བརྒྱད་པའི་བོད་སྐྱོར་ལས་དོན་རུ་ཁག་བོད་དུ་སླེབས་ནས་ལོ་གསུམ་ལ་ལས་དོན་སྤེལ་རིང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་གཙོ་གནད་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་གཙོ་རྐང་། དུས་རབས་གསར་པའི་བོད་སྐྱོར་སྙིང་སྟོབས་ལག་ལེན་བསྟར་རྒྱུ་མཛུབ་ཁྲིད་བཅས་སུ་བྱས་ཏེ། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་ལྟར་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི“དོན་ཆེན་བཞིར”སྟོབས་ཤུགས་གཅིག་སྡུད་བྱས་ཏེ་ལྷོ་ཁའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་ཡོད།
ཐོན་ལས་བོད་སྐྱོར་ལ་འབད་འབུངས་ཧུར་ཐག་བྱས། དཔལ་འབྱོར་གྱི་སྒུལ་ཤུགས་གསར་པ་འཕེལ་བར་བྱས་པ།
ཞིང་ཆེན་གསུམ་གྱི་བོད་སྐྱོར་ལས་བྱེད་ཤེས་ལྡན་པས་འཕེལ་རྒྱས་ཀྱི་རྩ་བ་གནད་སྨིན་ངང་ཁོང་དུ་ཆུད་པར་བྱེད་པ་དང་། ལྷོ་ཁའི་ཐོན་ཁུངས་ཀྱི་ལེགས་ཆ་དང་ཁྲོམ་རའི་དགོས་མཁོར་བརྟག་ཞིབ་གཏིང་ཟབ་བྱེད་པ། ས་གནས་དེ་གའི་འཕེལ་རྒྱས་དང་འཚམ་པའི་ཐོན་ལས་རྣམ་གྲངས་ཧུར་ཐག་འདྲེན་པ་བཅས་བྱས་ནས་ལྷོ་ཁའི་དཔལ་འབྱོར་འཕེལ་རྒྱས་ཆེད་སྒུལ་ཤུགས་ཆེན་པོ་བསྣན་ཡོད།
ལོ་གསུམ་རིང་ཧུའུ་པེའི་ཐོན་ལས་བོད་སྐྱོར་གྱི་གྲུབ་འབྲས་མངོན་གསལ་དོད་ཅིང་། བོད་ལྗོངས་ཆིང་ཅང་གློག་ཆས་ཚན་རྩལ་ཚད་ཡོད་ཀུང་སི་བསྐྲུན་ནས་ཐོན་སྐྱེད་བྱེད་འགོ་ཚུགས་པ་དང་། སྔོན་དཔག་ལྟར་ན་ལོའི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་1.7ཟིན་ནས་ལྷོ་ཁའི་ལོའི་ཐོན་སྐྱེད་རིན་ཐང་སྒོར་དུང་ཕྱུར་ཟིན་པའི་སྒྲིག་ཆས་བཟོ་སྐྲུན་ཁེ་ལས་ཐོག་མར་གྱུར་ཡོད། བོད་ཀྱི་སྐྱེ་དངོས་ཚན་རྩལ་ཐོན་ལས་ཀྱི་བོད་སྐྱོར་རྣམ་གྲངས་ཐོག་མ་སྟེ། བོད་ལྗོངས་ཨན་ཆི་ཇོ་མོ་གླང་མའི་སྐྱེ་དངོས་ཚན་རྩལ་ཚད་ཡོད་ཀུང་སིས་ལོར་སྐྱེ་ཕན་ཕྲ་སྲིན་ཕྱེ་མ་ཏུན་200ཡི་རིག་ནུས་ཅན་གྱི་བཟོ་འཁོར་རྣམ་གྲངས་ཀྱིས་དངོས་སུ་ཐོན་སྐྱེད་བྱེད་འགོ་ཚུགས་པ་དང་། ཕྲ་སྲིན་རིགས་དང་འགག་རྩའི་ལག་རྩལ་གྱིས་རྒྱལ་སྤྱིའི་ལག་རྩལ་གྱི་བཀག་རྒྱ་ལས་བསྒྲལ་ཏེ་བརྒྱུད་རིམ་ཧྲིལ་པོ་རང་བརྟེན་ཚོད་འཛིན་ཐུབ་ཡོད། ཧུའུ་པེའི་ཐཱན་འབུད་དབང་ཆའི་ཉོ་ཚོང་ལྟེ་གནས་བོད་ལྗོངས་ཞབས་ཞུ་ལྟེ་གནས་བདེ་བླག་ངང་བཙུགས་པ་དེས་ལྷོ་ཁ་དང་ཐ་ན་རང་སྐྱོང་ལྗོངས་ཧྲིལ་པོའི་ཐཱན་གཉིས་དཔལ་འབྱོར་འཕེལ་རྒྱས་ལ་འདེགས་སྐྱོར་ལས་སྟེགས་བསྐྲུན་ནས། ས་གནས་དེས་ལྗང་མདོག་འཕེལ་རྒྱས་འགྲོ་ལམ་དུ་གོམ་སྟབས་བརྟན་པོས་སྐྱོད་རོགས་བྱས་ཡོད།
ཧུའུ་ནན་བོད་སྐྱོར་གྱིས་རང་ངོས་ཀྱི་ཐོན་ཁུངས་ལེགས་ཆ་གང་ལེགས་བཏོན་ནས་ཧུའུ་ནན་དང་བོད་ས་གནས་གཉིས་ཀྱི་ཐོན་ལས་མཉམ་ལས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཞིང་། ལོ་3རིང་རིམ་རྩིས་བརྒྱབ་ན་ཚོང་འགུགས་མ་འདྲེན་རྣམ་གྲངས་41ལ་གན་རྒྱ་བཞག་པ་དང་། ཁེ་ལས་71ནང་འདྲེན་བྱས་ལ། གན་རྒྱ་བཞག་པའི་མ་དངུལ་སྒོར་དུང་ཕྱུར་80.7ཟིན་པ་ནས་དམིགས་སར་འབྱོར་བའི་མ་དངུལ་སྒོར་དུང་ཕྱུར་25.6ཟིན་ཡོད། བོད་དང་ཧུའུ་ནན་གྱི་ཞིམ་ཟས་དང་། ཡཱ་ཧྲེང་ཡོན་ཤིང་ཏོག་ཁུ་བ། ཤར་ཕྱོགས་ཉི་ཤར། ཀྲོའུ་ཏ་ཧྲེང་མུ་ཏིག གྲ་ནང་བྱེ་མའི་སྒྱུ་རྩལ་སྤྱི་གླིང་། ཐའེ་རུའེ་སྨན་བཅོས་ས་མཐོའི་སྐྱེ་ཁམས་གསོ་རླུང་དཔེ་སྟོན་ཐོན་ལས་གླིང་། འོད་ཤུགས་བྱེ་བཅོས་སོགས་སྤུས་ལེགས་རྣམ་གྲངས་ཁག་གཅིག་ལྷོ་ཁར་བསྐྲུན་པ་དང་། ཀྲུང་ཁྲེ་ཀྲུའུ་ཀྲོའུ་སུའོ་ནུས་རྒྱུ་གཙང་མའི་ཐོན་ལས་གླིང་བསྐྲུན་ནས་ཐོན་སྐྱེད་བྱེད་འགོ་ཚུགས་ཏེ། བོད་ཀྱི་ནུས་རྒྱུ་གཙང་མའི་ཐོན་ལས་འཁོར་འབྲེལ་གྱི་བཟོ་སྐྲུན་རྟེན་གཞི་ཐོག་མར་གྱུར་ཡོད།
ཨན་ཧུའེ་ཡིས་ཐོན་ལས་བོད་སྐྱོར་གྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་བོད་ཀྱི་དེང་རབས་ཞིང་འབྲོག་ལས་ཀྱི་སྒུལ་ནུས་གསར་པ་སྐྱེད་སྲིང་ཧུར་ཐག་བྱས་ཤིང་། མཚོ་སྣ་གྲོང་ཁྱེར་དུ་བསྐྲུན་པའི་བོད་ཀྱི་འཇིག་རྟེན་འཕུར་སྐྱོད་ཀྱི་སོན་གསོའི་གཙོ་གནད་ཚོད་ལྟ་ཁང་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཅིང་། ཐེངས་དང་པོར་སྣ་ཁ་16གི་ནས་དང་པད་ཁའི་སོན་ལེགས་འདེམས་བྱས་ཏེ་མཁའ་དབྱིངས་སུ་ཚོད་འདེབས་བྱེད་པར་བདེ་བླག་ངང་བསྐྱལ་བ་དང་ཆབས་ཅིག བོད་ཀྱི་ཞིང་འབྲོག་ལས་ཀྱི་སྣ་ཁ་ལེགས་འགྱུར་ལ་ཐབས་ལམ་གསར་པ་བཏོད་ཡོད། ཇ་ལོ་མེ་ཁྲ་དང་། རླམ་རྩྭ་ཕོ་སུལ། སུར་པན་སོགས་མི་ཐབས་འདེབས་འཛུགས་རྣམ་གྲངས་ལ་སྐུལ་འདེད་བརྟན་པོ་བཏང་བ་དང་། ཚགས་ཤ་སྐམ་པོ་ཐོན་སྐྱེད་དང་། ཀུ་ཤུ་དང་ཤིང་ཏོག་ལན་མེ་ལས་སྣོན་ཞིབ་ཚགས། སྦྲང་རྩི་གཞི་ཁྱོན་ཅན་ཆེན་པོས་ཐོན་སྐྱེད་སོགས་ཐོན་ལས་འདེགས་སྐྱོར་སྐྱེད་སྲིང་ལ་ཕན་འབྲས་རགས་ཙམ་ཐོན་ནས། ལྷོ་ཁའི་ཞིང་འབྲོག་མང་ཚོགས་ལ་ཡོང་འབབ་སྒོར་ཁྲི་3000ལྷག་ཙམ་འཕར་བར་ཐད་ཀར་སྐུལ་ཁྲིད་ཐུབ་སྟེ། ས་གནས་དེ་གའི་ཞིང་འབྲོག་པའི་འཚོ་བའི་ཆུ་ཚད་མཐོ་རུ་ཏན་ཏིག་ཕྱིན་ཡོད།