དཔྱ་ཁྲལ་གཟིགས་སྐྱོང་སྲིད་བཟང་དཔྱིད་རླུང་ལས། ས་མཐོའི་གང་སར་འཕེལ་རྒྱས་མེ་ཏོག་བཞད།
རང་ལྗོངས་ཀྱི་ཁྲལ་དོན་སྡེ་ཚན་གྱིས་ཞབས་འདེགས་ཞུ་སྟངས་མུ་མཐུད་ལེགས་སུ་བཏང་ནས་ཁེ་ལས་ཀྱི་འཕེལ་རྒྱས་ལ་རོགས་རམ་བྱས་པ།
ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱི་ཁྲལ་དོན་སྡེ་ཚན་གྱིས་གཙོ་འགན་གཙོ་ལས་ལ་དམིགས་ནས་འགན་ནུས་གང་ལེགས་བཏོན་ཏེ། ཁེ་ལས་ཀྱི་སྐྱོན་བྲལ་འཕེལ་རྒྱས་ལ་གཡས་གཞོགས་གཡོན་འདེགས་བྱས་ཐོག ཁེ་ལས་སྲིད་ཇུས་ཀྱི་ཕན་འབྲས་ལ་བརྟེན་ནས་བརྟན་བགྲོད་རྒྱང་འཁྱོལ་ཐུབ་པར་བྱས་ཡོད།
ཁྲལ་དོན་སྡེ་ཚན་གྱིས་རིག་གནས་དང་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་གཏོང་བར་དམིགས་ནས་ཆེད་དོན་ཞབས་ཞུའི་ཚོགས་པ་བཙུགས་ཤིང་། “ཁེ་ལས་རེར་སྲིད་ཇུས་རེའི”གནད་འཁེལ་ཟུར་ཁྲིད་དང་། “སྲིད་ཇུས་ཀྱི་ཕན་འབྲས་དང་ཞབས་ཞུ་མཉམ་གནས་ཟུང་འབྲེལ”གྱི་བདག་གཉེར་རྣམ་པའི་ཞབས་ཞུ་སྤྱད་དེ། དྲ་ཐོག་ནས་ཁྲལ་དོན་དང་འབྲེལ་བའི་ཉེན་ཁའི“ཤ་ཚའི་དྲན་བསྐུལ” དྲ་ཕྱིར་ཁྱིམ་ཚང་དུ་བཅར་འདྲིར་བསྐྱོད་དེ་ཁེ་ལས་ཀྱི་མ་འཇོག་འཛུགས་སྐྲུན་དང་། ཐོན་རྫས་ཀྱི་ངེས་གནས། གཉེར་སྐྱོང་རྣམ་པ། ནོར་དོན་དོ་དམ་སོགས་ཀྱི་གནས་ཚུལ་ལ་ཤེས་རྟོགས་ཞིབ་ཕྲ་བཅས་བྱས་ནས། ཁྲལ་གྲོན་དང་འབྲེལ་བའི་རེ་ཞུའི་དུས་བཀག་དང་། མིང་འགོད་ཁས་ལེན་དཔང་འདོན། སྤ་སེ་འབྲི་བ། ཡིད་རྟོན་རིམ་པ་སོགས་ཀྱི་དྲན་སྐུལ་བྱེད་དགོས་རིགས་ཐེངས་གཅིག་ལ་བཤད་དེ། ཁེ་ལས་ལ་སྒྲིག་སྲོལ་དང་མཐུན་པའི་གཉེར་སྐྱོང་ཕྱོགས་སྟོན་མཁོ་འདོན་བྱས་ནས། ལུས་གསོའི་ཁེ་ལས་ཀྱི་རྣམ་གྲངས་རྒྱ་སྐྱེད་དང་། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་སོགས་ཀྱི་རྣམ་གྲངས་ཀྱི་མ་དངུལ་གནོན་ཤུགས་ཆུང་དུ་ནུས་ལྡན་བཏང་ཡོད།
2024ལོའི་ཟླ་12ཚེས་14ཉིན། ས་བབ་སྨི་5000ལྷག་ཙམ་ཟིན་པའི་ཡར་ལྷ་ཤམ་པོའི་འདབས་སུ་གནས་པའི་འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་འོད་ཤུགས་གློག་ཁང་སྟེ། ཧྭ་གློག་བོད་ལྗོངས་ཚེ་སྤོང་འོད་གསོག་དུས་ཐེངས་གཉིས་པའི་རྣམ་གྲངས་དྲ་སྦྲེལ་བདེ་བླག་ཐུབ་ནས་གློག་གཏོང་འགོ་ཚུགས་པ་དང་། ལྷ་ས་གྲོང་ཁྱེར་གྱི་འཚོ་བའི་གད་སྙིགས་མེར་སྲེག་གློག་ཁང(དུས་ཐེངས་གཉིས་པ)གི་ལས་གྲྭ་2025ལོའི་ཟླ་5པར་ཕྱོགས་ཡོངས་ནས་ལས་མཇུག་འགྲིལ་ནས་གློག་གཏོང་འགོ་ཚུགས་རྗེས། ཉིན་རེར་གད་སྙིགས་ཏུན་800གཙང་སེལ་ཐུབ་པ་དང་། ལོར་གློག་གཏོང་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་1.4ཟིན་པ་ལ་སོགས། ནུས་རྒྱུ་གཙང་མའི་རྣམ་གྲངས་མང་པོ་དོན་འཁྱོལ་གང་མགྱོགས་ཐུབ་སྟེ། ས་མཐོར་ལྗང་མདོག་ཐོན་ལས་ཀྱི་ཁྱུ་ཚོགས་ཤིག་ཆགས་ཡོད།
“ཁྲལ་དོན་སྡེ་ཚན་གྱིས་སྒོ་ཁར་བསྐྱོད་ནས་སྲིད་ཇུས་དྲིལ་བསྒྲགས་བྱས་པ་མ་ཟད། ད་དུང་ང་ཚོར་རེ་ཞུའི་བརྒྱུད་རིམ་དམར་ཁྲིད་ཀྱང་བྱས་བྱུང་། ང་ཚོས་སྒྲིག་སྲོལ་དང་མཐུན་པའི་གཟིགས་སྐྱོང་ལོངས་སྤྱོད་ཐུབ་པ་དང་ཆབས་ཅིག ལྗང་མདོག་འཕེལ་རྒྱས་གཏོང་བའི་གདེང་ཚོད་ཀྱང་བརྟན་དུ་ཕྱིན་སོང” 2024ལོར་ཁེ་ལས་ལ་གཏན་འཇགས་རྒྱུ་ནོར་འཐེན་འཕྲི་དང་ཞིབ་འཇུག་གསར་སྤེལ་གྱི་འགྲོ་གྲོན་སྒོར་ཁྲི་273སྣོན་རྩིས་གཅིག་འཕྲི་བྱས་པ་བརྒྱུད། མ་དངུལ་གྱི་གནོན་ཤུགས་ཆུང་དུ་ཕྱིན་པ་མ་ཟད། ཁོར་ཡུག་སྲུང་སྐྱོང་གི་ལག་རྩལ་ཞིབ་འཇུག་གསར་སྤེལ་དང་སྒྲིག་ཆས་ཀྱི་རིམ་པ་སྤར་ཚད་ཀྱང་མགྱོགས་སུ་ཕྱིན་སོང་ཞེས་ལྷ་ས་གྲོང་ཁྱེར་འཚོ་བའི་གད་སྙིགས་མེར་སྲེག་གློག་ཁང(དུས་ཐེངས་གཉིས་པ)ལས་གྲྭའི་རྣམ་གྲངས་ཀྱི་འགན་འཁུར་བས་བརྗོད།
རང་ལྗོངས་ཀྱི་ཁྲལ་དོན་སྡེ་ཚན་གྱིས་ལྗང་མདོག་ཐོན་ལས་ཀྱི་ཁྱུ་ཚོགས་འཛུགས་པར་དམིགས་པ་དང་། ཁེ་ལས་ཀྱིས་དོ་ཁུར་བྱེད་པའི་གནས་ཐང་འཕར་ཁྲལ་གྱི་དཔྱ་ཁྲལ་འཕྲལ་བསྡུ་འཕྲལ་སློག་དང་། གྲོན་དངུལ་སྣོན་རྩིས་འཐེན་འཕྲིར་ཞིབ་འཇུག་གསར་སྤེལ། ཁོར་ཡུག་སྲུང་སྐྱོང་གི་དཔྱ་ཁྲལ་ཆག་ཡང་དང་རྩ་ཆག་གཏོང་བ་སོགས་ཀྱི་སྲིད་ཇུས་ལ་དམིགས་ནས། “ལས་འགོ་ཚུགས་པའི་སློབ་ཚན་དང་པོ”འཚོགས་ཤིང་། གྱོད་དཔེར་དབྱེ་ཞིབ་དང་ས་གནས་ས་ཐོག་ཏུ་ལན་འདེབས་པ་སོགས་ཀྱི་བྱ་ཐབས་བརྒྱུད་འབྲེལ་ཡོད་ཀྱི་ཁྲལ་གྲོན་སྲིད་ཇུས་ལ་གསལ་འགྲེལ་བྱས་པ་རེད།
ཡར་ཀླུང་གཙང་པོའི་ངོགས་ཀྱི་ས་བབ་སྨི་3200ཟིན་པའི་རྒྱ་ཚ་རྫོང་རྒྱ་ཚ་གྲོང་རྡལ་དུ། ཐོན་ལས་འཁོར་འབྲེལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གསར་གཏོད་བགྲོད་ལམ་ཐོག“ལོ་ངོ་སྟོང་གི་སྟར་སྡོང་ནགས་ཚལ”ལ་སྐྱེ་སྟོབས་གསར་པ་མངོན་ཡོད། “མིག་སྔར་ང་ཚོའི་སྟར་སྣུམ་ཐོན་ཚད་ལོ་རེར་ཏུན་200ཟིན་པ་དང་། སྟར་ཁའི་ཐའེ་རྒྱུ་ཐོན་སྐྱེད་སྒྲུབ་རིམ་སྤྱོད་འགོ་ཚུགས་རྗེས་ཐོན་རྫས་རིན་ཐང་སྒོར་ཁྲི་3000འཕར་རྒྱུ་རེད། རྒྱལ་སྒྲོལ་ཁྲལ་བསྡུའི་ཉེན་ཁའི་ཉེན་ཟོན་སྔོན་བརྡ་བཏང་བས་ང་ཚོ་ལམ་འཁྱོག་མང་པོ་ཞིག་བརྒྱུད་དགོས་མ་བྱུང”ཞེས་རྒྱ་ཚ་རྫོང་ཡར་གཙང་ཁེ་ལས་ཚད་ཡོད་འགན་འཁྲི་ཀུང་སིའི་འགན་འཁུར་བ་ལུའི་ཤིན་ཡིའུ་ཡིས་གསར་དུ་སྒྲིག་སྦྱོར་བྱས་པའི་སྒོར་ཁྲི་3000རི་བའི་ནང་འདྲེན་སྒྲིག་ཆས་བསྟན་ནས་ངོ་སྤྲོད་བྱས།
འགྲན་རྩོད་ཀྱི་ཁོར་ཡུག་བཟང་པོས་ཁེ་ལས་ཀྱིས་རྒྱལ་སྤྱིའི་ཁྲོམ་ར་རྒྱ་བསྐྱེད་པའི་སེམས་ཤུགས་བསྐྱེད་ཡོད། རང་སྐྱོང་ལྗོངས་ཀྱི་ཞིང་འབྲོག་ལས་ཐོན་ལས་ཅན་གྱི་སྣེ་ཁྲིད་ཁེ་ལས་ཡིན་པའི་ཡར་གཙང་ཁེ་ལས་ཀྱིས་འདེབས་འཛུགས་དང་། ལས་སྣོན། ཕྱིར་ཚོང་བཅས་ཟུང་དུ་འབྲེལ་བའི་འཁོར་འབྲེལ་ཧྲིལ་པོ་བཙུགས་ཏེ། ཞིང་འབྲོག་དུད་ཚང་856དབུལ་སྒྲོལ་ཐུབ་པར་རོགས་རམ་བྱས་པ་དང་། དུད་ཚང་རེར་ལོ་རེར་ཆ་སྙོམས་ཡོང་འབབ་སྒོར་4000འཕར་ནས། རིམ་རྩིས་བརྒྱབ་ན་2025ལོའི་བར་ཁེ་སྤོགས་སྒོར་ཁྲི་150བགོས་ཡོད།