དབུ་ཤོག>གསར་འགྱུར།>བོད་སྐྱོར།
  • ཧུའུ་པེ་དང་། ཧུའུ་ནན། ཨན་ཧུའེ་བཅས་ཞིང་ཆེན་གསུམ་གྱི་བོད་སྐྱོར་ལས་བྱེད་ཤེས་ལྡན་པས།

    མཐུན་སྒྲིལ་རྡོག་རྩ་གཅིག་ཏུ་སྒྲིལ། ཡར་ཀླུང་ལེའུ་གསར་མཉམ་དུ་རྩོམ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-07-11

    ཧུའུ་ནན་གྱིས་རོགས་སྐྲུན་བྱས་པའི་ལྷོ་ཁ་གྲོང་ཁྱེར་ཟངས་རི་རྫོང་གི་གནས་སྤོས་ས་ཚིགས་བྲག་དཀར་གྲོང་གསར་ཡིན་པ།

    ཧུའུ་ནན་གྱིས་རོགས་སྐྱོར་བྱས་ནས་བཏོད་པའི་ལྷོ་ཁ་གྲོང་ཁྱེར་སློབ་ཆུང་གསུམ་པའི“ནམ་ཡང་གནས་པའི”དགེ་རྒན་གྱི་དཔུང་ཁག་ཡིན་པ།

    ཨན་ཧུའེ་ནས་སྟབས་བསྟུན་གདན་དྲངས་པའི་ཨན་ཧུའེ་ཚན་རྩལ་སློབ་གླིང་ཞིང་ལས་རིགས་གཅིག་མཁས་ཅན་གྱིས་མཚོ་སྨད་རྫོང་དུ་སུར་པན་འདེབས་གསོའི་ཐོན་ལས་འཕེལ་རྒྱས་གཏོང་བཞིན་པ། པར①②③བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་ཁག་གིས་མཁོ་འདོན་བྱས།

    དམངས་འཚོའི་བོད་སྐྱོར་ཏན་ཏིག་བྱས།

    བདེ་སྐྱིད་འཚོ་བའི་འགན་སྲུང་དྲ་བ་བཏོད་པ།

    དམངས་འཚོ་ནི་དོན་ཆུང་མིན། དོན་དག་ཙག་ཙིག་ཡིན་རུང་སེམས་ལ་བཅངས། ཞིང་ཆེན་གསུམ་གྱི་བོད་སྐྱོར་ལས་བྱེད་ཤེས་ལྡན་པས་སློབ་གསོ་དང་སྨན་བཅོས་ཁྱབ་ཁོངས་སུ་རྒྱུན་མཐུད་ནུས་ཤུགས་བཏོན་ནས་ལྷོ་ཁའི་མང་ཚོགས་ལ་བདེ་སྐྱིད་ལྡན་པའི་འཚོ་བའི་འགན་སྲུང་དྲ་བ་ཞིག་བཏོད་ཡོད།

    ཧུའུ་པེས་སློབ་ཆེན་དང་སློབ་གླིང་དུ་ཚོགས་སྒྲིག་ཆུང་ངུའི་ལས་ཀའི་ལམ་སྲོལ་འཚོལ་ཞིབ་བྱས་ནས་བཙུགས་ཏེ། ཐོན་ཁུངས་དང་ས་ཁོངས་སློབ་གྲྭའི་སྟོབས་ཤུགས་སྤྱི་འདོམས་བསྡུ་སྒྲིལ་གྱིས་ལྷོ་ཁ་གྲོང་ཁྱེར་ཏུང་ཧུའེ་སློབ་འབྲིང་འཛུགས་གཏོད་བྱ་ཡུལ་དུ་བྱས་ནས། སྤུས་ཚད་མཐོ་བའི་སློབ་ཁྲིད་དཔེ་སྟོན་རྟེན་གཞི་དང་། སྤུས་ཚད་མཐོ་བའི་དགེ་རྒན་གསོ་སྐྱོང་རྟེན་གཞི། སྤུས་ཚད་མཐོ་བའི་རིག་ཚན་འཛུགས་གཏོད་རྟེན་གཞི་བཅས་བསྐྲུན་ཡོད།

    ཧུའུ་ནན་གྱིས་ལྷོ་ཁའི་ཤེས་ལྡན་པའི་དགོས་མཁོར་དམིགས་ནས་ལྷོ་ཁ་གྲོང་ཁྱེར་གྱི་སློབ་ཆུང་གསུམ་པ་ཕྱོགས་ཡོངས་ནས་འཕེལ་རྒྱས་ཡོང་བར་ནུས་ཤུགས་ཡོད་རྒུས་རོགས་སྐྱོར་བྱས་པ་མ་ཟད།“བརྒྱུད་རོགས་ཁྲིད་གསུམ”ལ་ཤུགས་སྣོན་བརྒྱབ་སྟེ། ལྷོ་ཁར་ནམ་ཡང་གནས་ཐུབ་པའི་དགེ་རྒན་དཔུང་ཁག་ཅིག་ཧུར་ཐག་བཏོད་ཡོད།

    ཨན་ཧུའེ་ཡིས་ལྷོ་ཁ་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་གཉིས་པའི་བྱང་ཚད་གོང་མཐོར་གཏོང་བར་སྐུལ་འདེད་ཧུར་ཐག་བཏང་སྟེ། འཆད་ཁྲིད་དང་། དཔེ་སྟོན་སློབ་ཚན། མཐོ་རྒྱུགས་སྤུས་ཚད་དབྱེ་ཞིབ་སྙན་ཞུ་སོགས་ཀྱི་རྣམ་པ་བརྒྱུད་སྤུས་ཚད་མཐོ་བའི་ཡུག་འབྲེལ་སློབ་དཔྱོད་བྱེད་སྒོ་སྤེལ་བ་རེད། ཁྱོན་བསྡོམས་མ་དངུལ་སྒོར་ཁྲི་4500བཏང་བའི“ལྷོ་ཁ་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་གཉིས་པའི་རིག་ནུས་སློབ་གླིང་འཛུགས་སྐྲུན་རྣམ་གྲངས”ལེགས་གྲུབ་ཟིན་ནས། དགེ་སློབ་ཡོངས་ལ་སྟབས་བདེ་དང་། ནུས་ཆེ། རིག་ནུས་བཅས་ཀྱི་སློབ་སྦྱོང་དང་ལས་ཀའི་ཁོར་ཡུག་བཏོད་ཡོད།

    ཧུའུ་པེས་ཝུའུ་ཧན་ཐུང་ཅི་དང་། ཞེ་ཧོ། མི་དམངས། ཀྲུང་ནན། ཞིང་ཆེན་མ་བུ་བདེ་སྲུང་སོགས་སྨན་ཁང་གི་ཆེད་ལས་ལག་རྩལ་ཤེས་ལྡན་པ་མངགས་ནས་ལྷོ་ཁར་རོགས་སྐྱོར་བྱས་པ་དང་། ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར་1.2བཏང་བའི་ལྷོ་ཁ་གྲོང་ཁྱེར་མ་བུ་བདེ་སྲུང་སྨན་ཁང་གི་སྔོན་འགོག་བདེ་སྲུང་ཕྱོགས་བསྡུས་ཐོག་ཁང་བེད་སྤྱོད་གཏོང་ཉེར་ཡོད་པ། ཧུའུ་པེས་ལྷོ་བྲག་རྫོང་མི་དམངས་སྨན་ཁང་ལ་རོགས་སྐྱོར་བྱས་ནས་རྒྱལ་ནང་གི་ཆེས་སྔོན་ཐོན་གྱི་ཕོ་ཤེལ་དང་རྒྱུ་ཤེལ་སོགས་ཀྱི་སྒྲིག་ཆས་ནང་འདྲེན་བྱས་པ། མ་དངུལ་སྒོར་དུང་ཕྱུར་1.5བཏང་ནས་རྒྱ་ཚ་རྫོང་ལྟེ་བའི་སྨན་ཁང་བསྐྲུན་ཞིང་། གྲུམ་བུ་ཚིགས་ཆེན་ནད་དང་། ལྷན་སྐྱེས་སྙིང་ནད། གློ་བའི་འཕར་རྩའི་མཐོ་གནོན་ནད། སྨྱོ་ནད་བཅས་རིན་མི་དགོས་པར་སྐྱོབ་བཅོས་བྱས་པ་རེད།

    ཧུའུ་ནན་གྱིས་རོགས་རམ་བྱས་པ་བརྒྱུད་ལྷོ་ཁ་གྲོང་ཁྱེར་སྨན་རྩིས་ཁང་སྐར་གྲངས་མཐོ་པོས་ཀ་པ་རིམ་པ་གསུམ་པར་བསྐྱར་ཞིབ་འཕྲོད་པ་དང་། ལྷོ་ཁའི་སྨན་རྩིས་ཁང་གི་འགོ་ཁྱབ་ནད་དོ་དམ་མ་ལག་ཐོག་མ་དེ་བཙུགས་ཤིང་། ཧུའུ་ནན་ཞིང་ཆེན་འཇུ་བྱེད་ཁོག་ཤེལ་སྨན་བཅོས་མནའ་འབྲེལ་ལྷོ་ཁ་གྲོང་ཁྱེར་སྨན་རྩིས་ཁང་ཡན་ལག་ལྟེ་གནས་བཙུགས་པ། གྲ་ནང་རྫོང་དང་ལྷུན་རྩེ་རྫོང་སྨན་རྩིས་ཁང་གིས་རིམ་པ་གཉིས་པའི་སྨན་རྩིས་ཁང་གྲུབ་འབྲས་ཐོབ་པའི་ངང་འཛུགས་པར་རྒྱབ་སྐྱོར་བྱས་པ་དང་། ཟངས་རི་རྫོང་རང་སྐྱོང་ལྗོངས་ཀྱི་བདེ་ཐང་སྐུལ་སྤེལ་རྫོང་ལ་གྲུབ་འབྲས་ཐོབ་པའི་ངང་འཛུགས་པར་རྒྱབ་སྐྱོར་བྱས་པ། གོང་དཀར་རྫོང་ལྟེ་བའི་སྨན་ཁང་བུ་བཙའ་མཐུན་སྦྱོར་ལྟེ་གནས་བཙུགས་པ། སྨན་བཅོས་བོད་སྐྱོར་ཚོགས་ཆུང་ཚོགས་པ་བོད་རང་སྐྱོང་ལྗོངས་ཀྱི་བོད་སྐྱོར་ལས་དོན་གྱི་སྔོན་ཐོན་མཉམ་སྡེབ་ལ་བདམས་པ་བཅས་རེད།

    ཨན་ཧུའེ་ཡི་རོགས་རམ་འོག 2024ལོར་ལྷོ་ཁ་གྲོང་ཁྱེར་མི་དམངས་སྨན་ཁང“ཀྲུང་གོའི་རྨས་སྐྱོན་སྐྱོབ་བཅོས་མནའ་འབྲེལ་ལྟེ་གནས”ལ་བདམས་ནས་རང་སྐྱོང་ལྗོངས་ཀྱི་རྒྱལ་ཁབ་རིམ་པའི་རྨས་སྐྱོན་ལྟེ་གནས་འཛུགས་སྐྲུན་ཚན་པ་དང་པོར་གྱུར་པ་མ་ཟད། རང་སྐྱོང་ལྗོངས་རིམ་པའི་ས་མཐོའི་སྙིང་ཁམས་ཁྲག་རྩའི་ནད་ཀྱི་ནད་ཐོག་གསོ་རིག་ཞིབ་འཇུག་ལྟེ་གནས་ལ་གྲུབ་འབྲས་ཐོབ་པའི་ངང་རེ་ཞུ་བྱས་པ་རེད། དེ་དང་ཆབས་ཅིག་ཞིང་ཆེན་ནང་ཁུལ་གྱི་སྤུས་ལེགས་སྨན་བཅོས་ཐོན་ཁུངས་དང་མཐུན་སྦྱོར་བྱས་ཏེ། སྨན་བཅོས་རིགས་གཅིག་མཁས་ཅན་སྒྲིག་འཛུགས་བྱས་ནས་བྱིས་པའི་ལྷན་སྐྱེས་སྙིང་ནད་དང་སྐྱ་འགྲིབ་སོགས་ས་མཐོའི་ནད་སྨན་བཅོས་དང་རིན་མེད་རོགས་སྐྱོབ་བྱས་ཏེ། ས་མཐོའི་ནད་པ་ཁྱིམ་གྱི་སྒོ་རྩར་སྤུས་ལེགས་ཀྱི་སྨན་བཅོས་ཞབས་ཞུ་ལོངས་སུ་སྤྱོད་ཐུབ་པ་བྱུང་ཡོད།

    རིག་སྟོབས་ལ་སྐུལ་འདེད་བཏང་ནས་ལས་ཞུགས་བོད་སྐྱོར་བྱས།

    སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྩ་བ་བརྟན་པོ་བཙུགས་པ།

    ཤེས་ལྡན་པ་ནི་འཕེལ་རྒྱས་ཀྱི་ཐོན་ཁུངས་དང་པོ་དེ་ཡིན་པ་དང་ལས་ཞུགས་ཀྱི་དམངས་འཚོའི་རྩ་བ་ཡིན། ཞིང་ཆེན་གསུམ་གྱི་བོད་སྐྱོར་ལས་བྱེད་ཤེས་ལྡན་པས་རིག་སྟོབས་རྒྱབ་སྐྱོར་དང་ལས་ཞུགས་རོགས་སྐྱོར་ཐད་བྱ་ཐབས་སྣ་མང་བཏོན་ནས་ལྷོ་ཁའི་ཡུལ་དེ་རང་གི་ཤེས་ལྡན་པ་གསོ་སྐྱོང་དང་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་བར་འགན་ལེན་ནུས་ལྡན་བྱས་ཡོད།

    ཧུའུ་པེས《ཚན་རྩལ་བོད་སྐྱོར་གྱི་ལོ་གསུམ་གྱི་བྱ་སྤྱོད་ཇུས་གཞི》བཏོན་ནས་ལག་བསྟར་བྱས་པ་དང་། བོད་བྱ་དང་། སྟར་ཁ། སྐྱེ་ཕན་ཕྲ་སྲིན། དམའ་དབྱིངས་དཔལ་འབྱོར་སོགས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཀྱི་དགོས་མཁོར་དམིགས་ནས་ཞིང་ཆེན་ནང་ཁུལ་གྱི་སློབ་གླིང་དང་ཁང་དང་ཚན་རྩལ་རྣམ་པའི་ཁེ་ལས་བཅས་སྒྲིག་འཛུགས་བྱས་ནས་ལྷོ་ཁར་གསར་གཏོད་ཀྱི་ལས་སྟེགས་གཏོད་པ་དང་། ལག་རྩལ་འགག་སྒྲོལ་དང་། ཚན་རྩལ་ཁེ་ལས་གསོ་སྐྱོང་བཅས་བྱས་ནས་རང་ཡུལ་གྱི་ཤེས་ལྡན་པ་དང་། རྣམ་གྲངས། ལས་སྟེགས་བཅས་གཞི་གཅིག་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ་རེད།

    ཐེམ་ཁུངས་བོད་ནས་ཡིན་པའི་སློབ་ཐོན་སློབ་མར་དམིགས་ནས་ཧུའུ་པེས་ད་དུང་ཞིང་ཆེན་ནང་ཁུལ་གྱི་གཞུང་ལས་པ་དང་བྱ་གཞག་ཚན་པའི་ལས་གནས་མཁོ་འདོན་བྱས་པ་དང་ཁེ་ལས་དང་སློབ་ཐོན་སློབ་མའི་ཕྱོགས་གཉིས་ཀའི་གདམ་གའི་ལས་སྟེགས་བཏོད་ཡོད། ལོ་ལྟར་གཞུང་ལས་པའི་ལས་གནས་15དང་། བྱ་གཞག་ཚན་པའི་ལས་གནས་60 ཁེ་ལས་ཀྱི་ལས་གནས་2000ལྷག་ཙམ་མཁོ་འདོན་བྱས་ནས་ཐེམ་ཁུངས་བོད་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མ་ལྗོངས་ཕྱིར་ལས་ཞུགས་ཐུབ་པར་འདེགས་སྐྱོར་བྱས་ཡོད། མིག་སྔའི་བར། ཧུའུ་པེར་ཐེམ་ཁུངས་བོད་ནས་ཡིན་པའི་སློབ་མ་600ལྷག་ཙམ་ལས་ཞུགས་ཐུབ་པའི་ནང་གཞུང་ལས་པ་18དང་། བྱ་གཞག་ཚན་པར་མི་177 ཁེ་ལས་ལ་མི་400ལྷག་ཙམ་ཡོད་པ་རེད།

    ཧུའུ་ནན་གྱིས་ཤེས་ལྡན་པའི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཤིང་། ལོ་གསུམ་ནང་ལྗོངས་ཕྱིའི་རིགས་གཅིག་མཁས་ཅན་དང་མཁས་དབང་136བོད་དུ་སློབ་ཁྲིད་ཐེངས་103བྱེད་པར་མཐུན་སྦྱོར་དང་། གསོ་སྦྱོང་འཛིན་གྲྭ་ཐེངས་176གཉེར་བ། རོགས་སྐྱོར་བྱ་ཡུལ་གྱི་ལས་བྱེད་ཤེས་ལྡན་པ་མི་ཐེངས་ཁྲི་1.54གསོ་སྦྱོང་བཅས་བྱས་པ་མ་ཟད། དུས་ཐུང་གི་བོད་སྐྱོར་ཆེད་ལས་ལག་རྩལ་ཤེས་ལྡན་པ་95དང་དུས་ཐུང་གི་ཆེད་ལས་བོད་སྐྱོར་མི་སྣ་79གདན་དྲངས་པ་དང་ལས་སྒོ་གསར་པ་དང་ལག་རྩལ་གསར་པ་105ཁྱབ་གདལ་བཏང་བས། གླིང་ཁུལ་འཛུགས་སྐྲུན་དང་ཞིང་འབྲོག་ཐོན་ལས་སོགས་ཁྱབ་ཁོངས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད།

    དེ་དང་ཆབས་ཅིག བོད་ཀྱི་མང་ཚོགས་ལྗོངས་ཕྱིར་ལས་ཞུགས་ཐུབ་པར་དམིགས་ནས། ཧུའུ་ནན་གྱིས་ཞིང་ཆེན་ནང་ཁུལ་དུ་ལྟ་སྦྱོང་རྟེན་གཞི་1དང་ལས་ཞུགས་རྟེན་གཞི་7བཙུགས་པ་དང་། རིམ་རྩིས་བརྒྱབ་ན། ཞིང་ཆེན་ནང་ཁུལ་གྱི་བོད་སྐྱོར་ལས་ཞུགས་ལས་གནས་ཁྲི་1.6ལྷག་ཙམ་བསྡུ་རུབ་བྱས་པ། ལས་བསྡུའི་འདུ་ཚོགས་ཐེངས་32འཚོགས་པ་བཅས་བྱས་ཏེ། ཐེམ་ཁུངས་བོད་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མ་དང་ཞིང་འབྲོག་མང་ཚོགས་380ལྷག་ཙམ་ཧུའུ་ནན་དུ་ལས་ཞུགས་བརྟན་པོ་ཐུབ་ཡོད། ད་དུང་ཁྲང་ཧྲ་ཡི་ཧུའུ་ནན་དང་བོད་ཀྱི་རིག་གནས་སྤེལ་རེས་ལྟེ་གནས་དང་། ཀྲུའུ་ཀྲོའུ་ཡི“བོད་ཀྱི་ཐོན་རྫས་ཧུའུ་ནན་དུ་འདྲེན་པའི”ཉམས་ལེན་ལྟེ་གནས། ཁྲང་ཏེའི་བོད་ཀྱི་ཁྱད་ལྡན་ཐོན་རྫས་འགྲེམས་ཚོང་ཁང་། གཡོད་དབྱང་གི“ལྷོ་ཁའི་ཁྱིམ་གཞིས”སོགས་ཀྱི་སྤེལ་རེས་ལས་སྟེགས་གསར་པ་བསྐྲུན་ནས་ཧུའུ་ནན་གྱི་ཁྲོམ་རར་བོད་ཀྱི་དམིགས་བསལ་ཐོན་རྫས་རྒྱ་ཁྱབ་ངང་ཕྱིར་ཚོང་ཐུབ་པར་སྔར་བས་རམ་འདེགས་བྱས་ཡོད།

    ཨན་ཧུའེ་ཡིས་རིག་སྟོབས་བོད་སྐྱོར་གྱི་ནུས་རིམ་རྒྱུན་ཆད་མེད་པར་མཐོ་རུ་བཏང་ཞིང་། ལོ་གསུམ་རིང་། ལོ་ལྟར་རིག་སྟོབས་བོད་སྐྱོར་མ་དངུལ་སྒོར་ཁྲི་100མཁོ་འདོན་བྱས་ནས་གྲོང་ཚོའི(སྡེ་ཁུལ)ཕུལ་བྱུང་ལས་བྱེད་པ་བརྒྱ་ཨན་ཧུའེ་རུ་ལས་ཐོག་སློབ་སྦྱོང་བྱེད་པར་སྔ་རྗེས་སུ་བསྐྱོད་པ་དང་། ལྷོ་ཁ་གྲོང་ཁྱེར་གྱི་གཞི་རིམ་ལས་བྱེད་པས་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་སོགས་ཀྱི་གསོ་སྦྱོང་འཛིན་གྲྭ་གཉེར་ནས་ལྷོ་ཁའི་ལས་བྱེད་པ་མི་ཐེངས་3000ལྷག་ཙམ་གསོ་སྦྱོང་བྱས་པ་རེད། ཤེས་ལྡན་པའི་བོད་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་དུས་ཐུང་གི་བོད་སྐྱོར་ཆེད་ལས་ལག་རྩལ་ཤེས་ལྡན་པ་མི་ཐེངས་127མཐུན་སྦྱོར་ངང་མངགས་པ་དང་། མཐོ་རིམ་གོ་མིང་གཞོན་པ་ཡན་གྱི་ཤེས་ལྡན་པ་10སྟབས་བསྟུན་གྱིས་གདན་དྲངས་པ། བོད་སྐྱོར་གྱི“སྟབས་བསྟུན་ཚོགས་ཆུང་ཚོགས་པ”4དང་མི་ཐེངས་12འཛུགས་པ་དང་། རོགས་སྐྱོར་མངགས་གཏོང་ཚན་པར་གཞོགས་འདེགས་བྱས་ནས་མི་ཐེངས་200ལྷག་ཙམ་ལྷོ་ཁ་གྲོང་ཁྱེར་དུ་དུས་རིམ་རང་བཞིན་གྱི་རོགས་སྐྱོར་ལས་འགན་སྒྲུབ་པར་མངགས་ཡོད།

    ལས་ཞུགས་རོགས་སྐྱོར་ཐད་ཨན་ཧུའེ་ཡིས“སྲིད་ཇུས་དྲིལ་བསྒྲགས་དང་། ལས་ཞུགས་མཛུབ་ཁྲིད། ལས་གནས་ངོ་སྤྲོད། ས་གནས་ས་ཐོག་ཏུ་ལས་བསྡུ་བཅས་ཟུང་འབྲེལ་བྱེད་པའི”བྱེད་སྒོ་སློབ་གྲྭར་སྤེལ་བའི་ལས་ཞུགས་ཞབས་ཞུའི་རྣམ་པ་བཏོད་ཡོད། ཝུའུ་ཧུའུ་དང་། ཞོན་ཁྲེན། ཧོའེ་པེ། ཞིང་ཆེན་ཁོངས་གཏོགས་ཀྱི་གཞུང་ཁོངས་ཁེ་ལས་བཅས་སུ་ལྗོངས་ཕྱིའི་ལས་ཞུགས་རྟེན་གཞི་4ཡི་སྒོ་བྱང་བཀལ་བ་དང་། ཞོན་ཁྲེན་དང་། ཧོའེ་པེ། ཁྲུའུ་ཀྲོའུ་བཅས་དང་ཁ་གཏད་རོགས་སྐྱོར་བྱེད་མཁན་རྫོང་དང་གྲོང་ཁྱེར་དབར་མི་ཤུགས་ཐོན་ཁུངས་ཀྱི་འཐབ་ཇུས་མཉམ་ལས་གྲོས་མཐུན་འཇོག་པར་མཐུན་སྦྱོར་བྱས་ཏེ། “ཚོགས་སྒྲིག་ཆུང་ངུའི”གནད་སྨིན་གདན་ཞུ་འཚོལ་ཞིབ་བྱས་པ་བརྒྱུད། མིག་སྔར་ཐེམ་ཁུངས་བོད་ནས་ཡིན་པའི་མང་ཚོགས་291ཨན་ཧུའེ་རུ་ལས་ཞུགས་ཐུབ་ནས་ལྷོ་ཁའི་མང་ཚོགས་ལ་ལས་ཞུགས་ཀྱི་ཐབས་ལམ་གསར་པ་བཏོད་ཡོད།

    ཧུའུ་པེ་དང་། ཧུའུ་ནན། ཨན་ཧུའེ་བཅས་ཞིང་ཆེན་གསུམ་གྱི་བོད་སྐྱོར་ལས་བྱེད་ཤེས་ལྡན་པས་ལྷག་བསམ་རྣམ་དག་དང་བློ་བརྟན་འགྱུར་མེད་ཀྱི་ཐོག་ནས་ཡར་ཀླུང་ས་གཞི་ཆེན་པོར་མི་སེམས་འགུལ་བའི་ལེའུ་རེ་རེ་བཞིན་བརྩམས་ཡོད། ད་ཆ་འགོ་འཛུགས་ས་གསར་པར་ལངས་ནས་ཞིང་ཆེན་གསུམ་གྱི་བོད་སྐྱོར་ལས་བྱེད་ཤེས་ལྡན་པས་མུ་མཐུད་འབད་འཐབ་མདུན་སྐྱོད་བྱས་ཏེ་བོད་སྐྱོར་ལས་དོན་གྱི་ནང་དོན་ཟམ་མི་ཆད་པར་གཏིང་ཟབ་ཏུ་གཏོང་བ་དང་། བོད་སྐྱོར་ལས་དོན་གྱི་ཁྱབ་ཁོངས་རྒྱ་སྐྱེད་གཏོང་བ། བོད་སྐྱོར་ལས་དོན་གྱི་ཕན་འབྲས་ཆེ་རུ་གཏོང་བ་བཅས་བྱས་ཏེ། ལྷོ་ཁའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་སླར་ཡང་གྲུབ་འབྲས་གསར་པ་བཏོད་ནས་གངས་ལྗོངས་ས་མཐོའི་འབྱུང་འགྱུར་སྔར་བས་མཛེས་སྡུག་ལྡན་པ་དང་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་ཡར་ཀླུང་ས་གཞི་ཆེན་པོར་སྔར་བས་བཀྲག་མདངས་འཚེར་བའི་ངང་བཞད་དུ་འཇུག་ངེས་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།