ད་ལོ་ཅིང་ཧང་མིས་བཟོས་གཙང་པོ་ཆེན་པོའི་ཆུ་ལམ་ཧྲིལ་པོ་སྦྲེལ་མཐུད་དང་ཆུ་གསབ་ལས་དོན་ལེགས་གྲུབ་བྱུང་བ།
རིམ་རྩིས་བརྒྱབ་ན་རྨ་ཆུའི་བྱང་རྒྱུད་ཆུ་དུམ་ལ་ཆུ་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་7.88གསབ་པ།
ཉིན་ཤས་གོང་། 2025ལོའི་ཅིང་ཧང་མིས་བཟོས་གཙང་པོ་ཆེན་པོའི་ཆུ་ལམ་ཧྲིལ་པོ་སྦྲེལ་མཐུད་དང་ཆུ་གསབ་ལས་འགན་ལེགས་གྲུབ་བྱུང་ཡོད། 2022ལོ་ནས་བཟུང་ཅིང་ཧང་མིས་བཟོས་གཙང་པོ་ཆེན་པོ་ལོ་བཞི་བསྟུད་མར་ཆུ་ལམ་ཧྲིལ་པོར་ཆུ་རྒྱུན་ཆད་མེད་པ་རེད།
ཆུ་བེད་པུས་འབྲེལ་ཡོད་སྡེ་ཚན་དང་། པེ་ཅིང་། ཐེན་ཅིན། ཧེ་པེ། ཧྲན་ཏུང་བཅས་ཞིང་ཆེན་བཞི་སྒྲིག་འཛུགས་བྱས་ཏེ། ཆུ་འབོར་མཉམ་འབྲེལ་བཀོད་གཏོང་དང་། ཆུ་ཁུངས་བརྗེ་སྒྱུར། ས་འོག་ཆུ་འདྲེན་གསབ་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབས་པ་དང་། འབྲི་ཆུའི་ཆུ་དང་། རྨ་ཆུའི་ཆུ། ཡུང་ཏིང་ཆུ་བོའི་ཆུ། ལོན་ཧོ་གཙང་པོའི་ཆུ། ས་གནས་དེ་གའི་ཆར་ཆུ། བསྐྱར་སྐྱེས་ཆུ་བཅས་སྤྱི་འདོམས་བཀོད་གཏོང་བྱས་པ་དང་། འགག་རྩའི་ཆུ་སྒོ་ཁག་གོ་རིམ་ལྡན་པའི་ངང་སྒོ་ཕྱེ་བ་དང་བརྒྱབ་ནས་ཆུ་གསབ་ལས་དོན་ཡག་པོ་སྤེལ་ཐུབ་པ་བྱས་ཡོད། ཟླ་7ཚེས་1ཉིན་བར། ཆུ་གསབ་ཀྱི་ཆུ་ཁུངས་ཁག་གིས་རིམ་རྩིས་བརྒྱབ་ན་ཅིང་ཧང་མིས་བཟོས་གཙང་པོ་ཆེན་པོའི་རྨ་ཆུའི་བྱང་རྒྱུད་ཆུ་དུམ་ལ་ཆུ་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་7.88གསབ་ནས་འཆར་གཞིའི་ཆུ་གསབ་ཚད་ཀྱི་142%ལེགས་གྲུབ་བྱུང་བ་དང་། མིས་བཟོས་གཙང་པོ་ཆེན་པོའི་ཆུ་ལམ་རྒྱུད་དུ་རིམ་རྩིས་བརྒྱབ་ན་ཆུ་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་2.56དྲངས་ནས་ཞིང་ཁ་མུའུ་ཁྲི་58.14ལ་ཆུ་འདྲེན་བྱེད་ཀྱི་ས་འོག་ཆུའི་ཚབ་ཏུ་སྤྱད་དེ་གཏིང་ཟབ་པའི་ས་འོག་ཆུ་འདྲེན་རྩིས་ཡོད་པའི་རྒྱ་ཁྱོན་གྱི་126%བརྗེ་སྒྱུར་ལེགས་གྲུབ་བྱུང་བ་རེད།