“གོ་ལ་ཧྲིལ་པོའི་ཐོན་ལས་འཁོར་འབྲེལ་གྱི་མཉམ་ལས་གཉིས་ཕན་ལ་རམ་འདེགས་བྱས་ཡོད”
2024ལོར་ཀྲུང་གོའི་བཟོ་སྐྲུན་ལས་རིགས་ཀྱི་སྤྱིའི་གཞི་ཁྱོན་ལོ་15བསྟུད་མར་གོ་ལ་ཧྲིལ་པོའི་ཨང་དང་པོ་རྒྱུན་འཁྱོངས་ཐུབ་ཡོད། ཐོན་ལས་ཚན་རྩལ་གསར་གཏོད་ལ་རྒྱུན་མཐུད་སྐུལ་འདེད་བཏང་བ་དང་སྦྲགས། ལག་རྩལ་འདུས་ཚད་མཐོ་བ་དང་ཟུར་བསྣན་རིན་ཐང་མཐོ་བའི་ཐོན་རྫས་གསར་པ་ཁག་གཅིག་རྒྱུན་ཆད་མེད་པར་ཐོན་ནས་ཐོན་ལས་ཀྱི་གྲུབ་ཆ་སྔར་བས་ལེགས་གཏོང་རིམ་སྤོར་ལ་སྐུལ་ཁྲིད་བྱས་ཡོད། རྒྱུ་ཆ་གསར་པ་ཞིབ་སྤེལ་ནས་རང་འགུལ་ཅན་གྱི་ཇུས་གཞི་དང་དེ་ནས་རིག་ནུས་བཟོ་སྐྲུན་ཐོན་རྫས་བར་ཀྲུང་གོའི་དམངས་གཉེར་ཁེ་ལས་ཀྱིས་གསར་གཏོད་ཀྱི་གྲུབ་འབྲས་འཛམ་གླིང་ས་གནས་ཁག་ཏུ་བསྟན་ཏེ་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕེལ་རྒྱས་ལ་གསོན་ཤུགས་བསྣན་ཡོད།
ཧེང་ལི་ཚོགས་པ་ཚད་ཡོད་ཀུང་སིས།
ལག་རྩལ་གྱི་འགག་སྒོ་བསྒྲལ་ནས་རྒྱུ་ཆ་གསར་པ་ཕྱི་རྒྱལ་དུ་བྲིན་ཁ་རྒྱུག་པ།
“འདི་ལྕགས་སྐུད་ལྟར་མཁྲེགས་པོ་ཡོད་པས་སྐུད་པ་160མཉམ་དུ་སྒྲིལ་ན་འཇིབ་ཆུང་ཞིག་འདྲུད་ཐུབ”ཅེས་ཅང་སུའུ་ཧེང་ལི་རྫས་འགྱུར་ཚི་སྣ་མ་རྐང་ཚད་ཡོད་ཀུང་སིའི་བཟོ་ལས་དར་སྐུད་ཐོན་སྐྱེད་འཁོར་ཁང་དུ་ཕྱིར་ཚོང་ཅིང་ལི་ཧྥེང་ཡུས་ཁྲེན་གྱིས་གསར་འགོད་པར་བཟོ་ལས་སྐུད་སྒྲིལ་ཞིག་སྟོན་བཞིན་དུ་བརྗོད། བཟོ་ལས་དར་སྐུད་དེ་ནི་སྐྲ་ལས་སྦོམ་ཙམ་ལས་མེད་པ་དང་རེག་ན་ཡང་ཞིང་མཉེན་པ་ཞིག་ཡོད། ཧྥེང་ཡུས་ཁྲེན་གྱིས“ཚད་བརྒལ་ནུས་པ”འདིའི་དབང་གིས་བཟོ་ལས་དར་སྐུད་དེ་རིགས་རྒྱལ་ཁབ་དང་ས་ཁུལ་བཅུ་ཕྲག་ཁ་ཤས་སུ་འཚོང་གི་ཡོད་ཅེས་བརྗོད།
“ལོ་འདི་དག་རིང་། ཚོགས་པས་ལོ་ལྟར་ཕྱིར་གཏོང་གྲངས་འབོར་གྲངས་གནས་གཉིས་འཕར་བ་རྒྱུན་འཁྱོངས་བྱེད་པའི་རྒྱུ་མཚན་གལ་ཆེན་ཞིག་ནི་ང་ཚོར་རྒྱུན་མི་ཆད་པའི་ཚན་རྩལ་གསར་གཏོད་ཀྱི་ནུས་པ་ཡོད་པས་ཡིན”ཞེས་ཧེང་ལི་ཚོགས་པ་ཚད་ཡོད་ཀུང་སིའི་རྒྱུ་ཆ་གསར་པའི་རྣམ་གྲངས་བཟོ་ཁུལ་གྱི་ལག་རྩལ་འགན་འཁུར་བ་ཝང་ཕེ་ཧའོ་ཡིས་གསར་འགོད་པར་བརྗོད་པ་དང་། ཁོང་གིས། སྔོན་ཆད་རྩེར་སོན་ཡོ་འོད་སྐྱི་ལེབ་ལག་རྩལ་གཙོ་བོ་དེ་ཕྱི་རྒྱལ་གྱིས་སྒེར་སྡེམ་བྱེད་ཀྱི་ཡོད། ཧེང་ལིས་ལག་རྩལ་གྱི་འགག་སྒོ་སྒྲོལ་ཆེད། ལོ་10ལྷག་ཙམ་འབད་བརྩོན་བྱས་མོད། འོན་ཀྱང་ཐོན་རྫས་ཀྱི་སྤུས་ཚད་སྔར་བཞིན་རེ་བ་ལྟར་ཡོང་གི་མེད་པ་དང་ཕྱི་རྒྱལ་གྱི་ཁྲོམ་ར་རྒྱ་སྐྱེད་གཏོང་ཁག་པོ་ཡོད། ཚོད་ལྟར་མོས་མཐུན་བྱེད་མཁན་ཧན་གོའི་ཁེ་ལས་ཆེ་གྲས་ཤིག་གིས་མ་དཔེ་ཐེངས་ལྔ་བསྟུད་མར་ཕྱིར་བསློགས་རྗེས་ཧེང་ལིས་སླར་ཡང་ལོ་གསུམ་གྱི་དུས་ཚོད་སྤྱད་དེ་ཞིབ་སྤེལ་མ་དངུལ་སྒོར་ཁྲི་སྟོང་ཕྲག་ཁ་ཤས་བཏང་བ་དང་། མ་དཔེ་ཐེངས་དྲུག་པ་སྐྱེལ་སྐབས་མཐར་ཧན་གོའི་ཁེ་ལས་དེའི་མངགས་ཐོ་རག་ཡོད་ཅེས་ངོ་སྤྲོད་བྱས། ཧན་གོའི་ཉོ་སྒྲུབ་འགན་འཁུར་བ་ལི་ལགས་ཀྱིས“ཀྲུང་གོའི་ཁེ་ལས་ལ་ཆོད་སེམས་ཆེན་པོ་འདི་འདྲ་ཡོད་པ་བསམ་ཡུལ་ལས་འདས་སོང་། ལག་རྩལ་གྱི་དཀའ་གནད་ཁྱད་དུ་བསད་པ་མ་ཟད། ད་དུང་བཟོ་རྩལ་ལེགས་སུ་དང་ལས་ཕྱོད་ཆེ་རུ་བཏང་ནས་མ་གནས་དམའ་རུ་བཏང་ཡོད”ཅེས་བཤད།
ཀོང་ཏུང་ཐུའོ་སི་ཏ་ཚན་རྩལ་མ་རྐང་ཚད་ཡོད་ཀུང་སིས།
བཟོ་གྲྭ་ཡོངས་རང་འགུལ་ཅན་དུ་བསྒྱུར་ནས་རིག་ནུས་བཟོ་སྐྲུན་གྱི་ཕྱོགས་སྒྱུར་ལ་རམ་འདེགས་བྱས་པ།
ཨ་རིའི་བྱང་ངོས་ཁཱ་ལུའོ་ལའེ་ནཱ་ཀྲོའུ་རུ་མོ་ཞི་ཁོའི་སྤུས་དག་བཟའ་བཅའི་སོས་ཉར་སྒམ་ཐོན་སྐྱེད་བཟོ་གྲྭ་ཞིག་ཏུ་བཟོ་ལས་འཕྲུལ་མི་བཅུ་ལྷག་ཙམ་གྱིས་ཐོན་སྐྱེད་སྒྲུབ་རིམ་ཐོག་འཕྲུལ་ལག་འགུལ་བཞིན་ཡོད། དེའི་འཁྲིས་སུ། སྔོན་ཐོན་གྱི་འཕྲུལ་ཆས་མཐོང་ཚོར་ལག་རྩལ་ལ་བརྟེན་པའི“གློག་མིག”མང་པོས་དུས་དང་རྣམ་པ་ཀུན་ཏུ་ཐོན་རྫས་ཀྱི་སྤུས་ཚད་ལ་ཞིབ་བཤེར་བྱེད་བཞིན་ཡོད།
མོ་ཞི་ཁོའི་ཁེ་ལས་དེ་དང་ཐུའོ་སི་ཏ་དབར་མཉམ་ལས་བྱས་ནས་ལོ་མང་སོང་ཞིང་། དང་ཐོག་མར་སྒྲིག་ཆས་ཉོ་སྒྲུབ་ཁོ་ན་གཙོ་བོ་བྱེད་ཀྱི་ཡོད། ཧུའུ་ཝང་གིས“བཟོ་གྲྭ་གསར་པ་འཛུགས་རྩིས་བྱེད་སྐབས། ཚོང་མགྲོན་འདིས་རང་འགུལ་ངང་ང་ཚོ་འཚོལ་བར་ཡོང་ནས་བཟོ་གྲྭ་ཡོངས་རང་འགུལ་ཅན་དུ་བསྒྱུར་བའི་ཐག་གཅོད་ཇུས་གཞི་མཁོ་འདོན་བྱ་རྒྱུའི་རེ་བ་བཏོན་བྱུང”ཞེས་བཤད། མོ་ཞི་ཁོ་ཕྱོགས་ཀྱི་ལག་རྩལ་འགན་འཁུར་བ་ལི་ཁཱ་ཏུའོ·མོ་ལཱ་ཡིས། “སྔོན་ཆད་ང་ཚོས་མང་ཆེ་བ་ཡོ་རོབ་དང་མེ་གླིང་གི་སྒྲིག་ཆས་སྤྱོད་ཀྱི་ཡོད། ཀྲུང་གོའི་ཁེ་ལས་དང་ལོ་མང་མཉམ་ལས་བྱས་པ་དང་། ལྷག་པར་དུ་ཐུའོ་སི་ཏ་དང་འབྲེལ་གཏུག་ཟབ་མོ་བྱས་པ་བརྒྱུད་ང་ཚོའི་ལྟ་སྟངས་རིམ་བཞིན་གྱུར་སོང་། ཐོན་རྫས་ཀྱི་གཤིས་ནུས་དང་། ཇུས་གཞི་ཇུས་འགོད། ‘མི་ཐབས་རིག་ནུས་དང་འཕྲུལ་མི་ཟུང་འབྲེལ’ཉེར་སྤྱོད་དང་དེ་བཞིན་ལག་རྩལ་ཞབས་ཞུ་སོགས་ཀྱི་ཐད་ཀྲུང་གོའི་བཟོ་སྐྲུན་ལ་དགེ་མཚན་ཧ་ཅང་མངོན་གསལ་དོད་པོ་འདུག”ཅེས་བཤད།
ཐུའོ་སི་ཏས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་དང་ལེན་ཧུར་ཐག་བྱས་ནས། རིག་ནུས་སྒྲིག་ཆས་དང་བཟོ་གྲྭ་ཡོངས་ཀྱི་ཐག་གཅོད་ཇུས་གཞི་རྒྱུན་ཆད་མེད་པར་འཛམ་གླིང་གི་ས་གནས་ཁག་ཏུ་ཁྱབ་གདལ་གཏོང་བཞིན་ཡོད། མིག་སྔར། ཐུའོ་སི་ཏའི་ལས་སྒོ་རྒྱལ་ཁབ་50ཙམ་ལ་ཁྱབ་པ་དང་རིམ་རྩིས་བརྒྱབ་ན་ཚོང་དུད་ཁྲི་1.5ལྷག་ཙམ་ལ་ཞབས་འདེགས་ཞུ་གི་ཡོད་པ་དེ་ནི། ཨེ་ཤེ་ཡ་ཤར་ལྷོ་དང་། མེ་གླིང་། ཡོ་རོབ། ཨེ་ཤེ་ཡ་ནུབ་མ། ཨ་ཧྥེ་རི་ཁ་སོགས་ས་ཁོངས་སུ་ཁྱབ་པ་མ་ཟད། ད་དུང་ཝེ་ཐེ་ནམ་དང་། མོ་ཞི་ཁོ། ཧིན་རྡུ་ཉི་ཞི་ཡ་བཅས་སུ་ཡན་ལག་ཀུང་སི་དང་དོན་གཅོད་ཁྲུའུ་བཙུགས་ཏེ་ས་གནས་དེ་གར་གཉེར་སྐྱོང་ཐུབ་ཡོད།
ཧྲེན་དབྱང་ཡོན་ཏ་རིག་ནུས་བཟོ་ལས་ཚོགས་པ་མ་རྐང་ཚད་ཡོད་ཀུང་སིས།
འཁོར་འབྲེལ་ཧྲིལ་པོ་ཤར་གཏོང་བྱས་ནས་ཕྱི་རྒྱལ་གྱི་བཀོད་ཇུས་ལེགས་སྒྱུར་རིམ་སྤོར་བྱས་པ།
ན་ནིང་ལོ་མཇུག་ཏུ། ཧྲེན་དབྱང་ཡོན་ཏ་རིག་ནུས་བཟོ་ལས་ཚོགས་པ་མ་རྐང་ཚད་ཡོད་ཀུང་སི(གཤམ་དུ“ཡོན་ཏ་རིག་ནུས”ཞེས་བསྡུ་རྒྱུ)དང་སོ་ཏི་ཨ་རབ་མཚོ་ཁུག་ཚོགས་པས་མཉམ་འབྲེལ་ཐོག་བཙུགས་པའི་སོ་ཏི་ཨ་རབ་མཚོ་ཁུག་ཚོགས་པའི་པོ་ལིན་ཐེ་གློག་སྐས་མ་དངུལ་མཉམ་བསྡུས་བཟོ་གྲྭ་ནས་དངོས་སུ་ཐོན་སྐྱེད་བྱེད་འགོ་ཚུགས་ནས་ལོ་ལྟར་གློག་སྐས་2000ཐོན་སྐྱེད་བྱེད་ཀྱི་ཡོད།
པོ་ལིན་ཐེ་ནི་ཡོན་ཏ་རིག་ནུས་ཚོགས་པའི་ཁོངས་གཏོགས་ཀྱི་གློག་སྐས་སྤུས་རྟགས་ཤིག་ཡིན་ཞིང་། མིག་སྔར་ཐོན་རྫས་གོ་ལ་ཧྲིལ་པོའི་རྒྱལ་ཁབ་དང་ས་ཁུལ་140ལྷག་ཙམ་ལ་འཚོང་གི་ཡོད། ཡོན་ཏ་རིག་ནུས་པོ་ལིན་ཐེ་གློག་སྐས་ཐོན་སྐྱེད་ཀྱི་སྤྱི་ཁྱབ་ལྟ་ཞིབ་པ་སུན་ཁྲེང་ཡུས་ཀྱིས། 2024ལོར་པོ་ལིན་ཐེའི་གློག་སྐས་ཕྱིར་གཏོང་གི་དངུལ་འབོར་སྒོར་དུང་ཕྱུར་5.8ཟིན་ནས་དུས་མཚུངས་ལས་14%འཕར་ཡོད་ཅེས་ངོ་སྤྲོད་བྱས།
“རྒྱལ་ཁབ་དང་ས་ཁུལ་མི་འདྲ་བས་ཐོན་རྫས་ཀྱི་ཚད་གཞིར་རེ་བ་མི་འདྲ་བ་འདོན་གྱི་ཡོད་པས། ང་ཚོས་ཞིབ་སྤེལ་དང་ཐོན་སྐྱེད་བྱེད་སྐབས་སྤྱོད་མཁན་གྱི་རེ་བ་གསར་པ་དང་འཚམ་ཐབས་བྱེད་རིང་རྒྱུན་ཆད་མེད་པར་རིམ་སྤོར་བྱེད་བཞིན་ཡོད། དཔེར་ན་སིང་ཀ་ཕོར་གྱིས་མེ་འགོག་སྒེའུ་ཁུང་བསྒར་དགོས་པ་མ་ཟད། ས་གནས་ས་ཐོག་ཏུ་མེ་འགོག་ཚད་ལེན་ཚོད་ལྟ་བྱེད་དགོས་པའི་རེ་བ་འདོན་གྱི་ཡོད”ཅེས་སུན་ཁྲེང་ཡུས་ཀྱིས་དཔེ་དྲངས་ནས་བརྗོད་པ་དང་། ཁོང་གིས། རྒྱུ་ཆ་འདེམས་པ་ནས་ལག་རྩལ་ཚོད་ལྟ་བྱེད་པའི་བར། ཀུང་སིས་ལོ་གཉིས་ཀྱི་དུས་ཚོད་སྤྱད་དེ་ལག་རྩལ་གྱི་དཀའ་གནད་བསལ་ནས་ན་ནིང་ཟླ་9པར་སིང་ཀ་ཕོར་དུ“ཆུ་ཚོད་2མིག་མཐོང་ལག་ཟིན་སྲེག་པའི”ཚོད་ལྟ་བདེ་བླག་ངང་ལེགས་སྒྲུབ་བྱས་ཏེ་སྤུས་ཚད་མཐོན་པོར་བརྟེན་ནས་ཁྲོམ་རའི་ཁས་ལེན་ཐོབ་ཡོད། མི་རིང་བའི་གོང་། གསར་དུ་འོས་ཐོབ་ཐོབ་པའི་གློག་སྐས་475གཅིག་རྗེས་གཉིས་མཐུད་ངང་སིང་ཀ་ཕོར་དུ་སྒྲིག་སྦྱོར་བྱེད་པར་དབོར་ཡོད་ཅེས་བརྗོད།
ཐོན་རྫས་ཀྱི་སྤུས་ཚད་ཕུད། ཚོང་ཟོག་རྩིས་སྤྲོད་དུས་འཁོར་གྱིས་ཁེ་ལས་ཀྱི་ཐོན་སྐྱེད་ནུས་པ་དང་ཞབས་ཞུའི་ཆུ་ཚད་ཐད་ལའང་ཚོད་བགམ་བྱེད་ཀྱི་ཡོད་ཅིང་། ཡོན་ཏ་རིག་ནུས་ཀྱིས་སྣ་ཁ་མང་པོའི་ལས་སྣོན་ཉམས་མྱོང་བསགས་པའི་རྨང་གཞིའི་ཐོག ཐོན་སྐྱེད་སྒྲུབ་རིམ་ལའང་མཉེན་གཤིས་ཅན་གྱི་ཐོན་སྐྱེད་སྒྱུར་བཀོད་བྱས་ནས། ཇུས་འགོད་དང་། ཐོན་སྐྱེད། སྒྲིག་སྦྱོར་བཅས་ཀྱི་འཁོར་འབྲེལ་ཧྲིལ་པོ་ཤར་གཏོང་གིས་ཚད་ལྡན་མིན་པའི་ལྷུ་ལག་ཐོན་སྐྱེད་ཀྱི་དགོས་མཁོ་བསྐངས་ཏེ་ཚོང་ཟོག་རྩིས་སྤྲོད་ཀྱི་ལས་ཡུན་ཐུང་དུ་ཤུགས་ཆེན་བཏང་ཡོད།
ཡོན་ཏ་རིག་ནུས་ཀྱི་ཙུང་ཚའེ་ཝང་ཡན་པང་གིས“‘རྒྱུད་གཅིག་ལམ་གཅིག’མཉམ་སྐྲུན་གྱིས་ཁེ་ལས་ལ་གོ་ལ་ཧྲིལ་པོ་ཅན་གྱི་གར་སྟེགས་ཤིག་བསྐྲུན་ཡོད། ཉེ་བའི་ལོ་ཤས་རིང་། ཁེ་ལས་ཀྱིས་རིམ་པ་དེ་བས་མཐོ་བ་དང་ཁྱབ་ཁོངས་དེ་བས་རྒྱ་ཆེ་བའི་ཁྲོད་གོ་ལ་ཧྲིལ་པོའི་ཐོན་ལས་འཁོར་འབྲེལ་མཉམ་འདྲེས་བྱས་པས། ཐོན་རྫས་ཕྱིར་གཏོང་ནས་སྤུས་རྟགས་ཕྱིར་གཏོང་དང་། ལག་རྩལ་ཕྱིར་གཏོང་། དོ་དམ་ཕྱིར་གཏོང་བཅས་བར་གྱི་མཆོང་སྐྱོད་བྱུང་ཡོད་ཅེས་བརྗོད།