ཀྲུང་གོ་གུང་ཁྲན་ཏང་གིས་རི་འགོག་དམག་འཁྲུག་ཁྲོད་ཀ་རྟེན་ལྟ་བུའི་སྲོག་ཤིང་གི་ནུས་པ་བཏོན་ཡོད།
ཨ་རིའི་ཧ་ཧྥུའུ་སློབ་ཆེན་ཁེན་ཉི་ཏི་སྲིད་གཞུང་སློབ་གླིང་གི་དགེ་རྒན་ཆེ་མོ་བ་ལཱ་ནཱ·སྨི་ཐོར་བཅར་འདྲི་ཞུས་པ།
“ཀྲུང་གོས་དུས་རབས་20པའི་ལོ་རབས་སུམ་ཅུ་བཞི་བཅུའི་ནང་དཀའ་བ་ཚད་མེད་ཀྱི་དམག་འཁྲུག་དེའི་ནང་ཞུགས་པ་ནི་རྒྱལ་ཁབ་ཀྱི་ལ་རྒྱ་དང་འཚོ་གནས་ཁོ་ནའི་ཆེད་དུ་མིན་པར་ད་དུང་མནའ་མཐུན་རྒྱལ་ཁབ་ཚང་མར་རྒྱལ་ཁ་ཐོབ་པའི་ཆེད་དུ་རེད། དམག་འཁྲུག་དེའི་ནང་ཏག་ཏག་ཤར་ནུབ་ཕྱོགས་གཉིས་ཀས་སྔར་བྱུང་མྱོང་མེད་པའི་ཆེས་མུན་ནག་གི་སྟོབས་ཤུགས་ངན་པར་མཉམ་རྒོལ་བྱས་ཡོད”ཅེས་ཨ་རིའི་ཧ་ཧྥུའུ་སློབ་ཆེན་ཁེན་ཉི་ཏི་སྲིད་གཞུང་སློབ་གླིང་གི་དགེ་རྒན་ཆེ་མོ་བ་ལཱ་ནཱ·སྨི་ཐི་ཡིས་རང་ཉིད་ཀྱིས་བྲིས་པའི《ཀྲུང་གོ བརྗེད་ངད་དུ་བཏང་བའི་མནའ་གྲོགས། ནུབ་ཕྱོགས་བའི་མིག་ནང་གི་རི་འགོག་དམག་འཁྲུག་གི་ལོ་རྒྱུས་ཆ་ཚང》ཞེས་པའི་དེབ་དེའི་ནང་འདི་ལྟར་བྲིས་ཡོད།
“རི་འགོག་དམག་འཁྲུག་ནི་ཀྲུང་གོའི་དེང་རབས་ལོ་རྒྱུས་ཐོག་དོན་སྙིང་གལ་ཆེ་ཤོས་ལྡན་པའི་དོན་རྐྱེན་གྱི་གྲས་ཤིག་ཡིན་པ་དང་། དེས་ཀྲུང་གོའི་མི་དམངས་ཀྱིས་ཕྱི་ཕྱོགས་དགྲ་བོའི་བཙན་འཛུལ་ལ་ཞུམ་མེད་འགོག་རྒོལ་བྱས་ཏེ་རྒྱལ་ཁབ་ཀྱི་བདག་དབང་དང་མི་རིགས་ཀྱི་ལ་རྒྱ་སྲུང་བའི་ཆོད་སེམས་མཚོན་ཡོད”ཅེས་སྨི་ཐོ་ཡིས་ཉེ་ཆར་འདི་ག་ཚགས་པར་གྱི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས་དེ་ལྟར་བརྗོད་པ་དང་། ཁོང་གིས་ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོའི་དམག་དམངས་ལ་དཔའ་ངར་ཆེན་པོས་དགྲ་བོར་འགོག་རྒོལ་བྱེད་དགོས་པའི་སྐུལ་སློང་རྒྱ་ཁྱབ་བྱས་ཏེ་ཀ་རྟེན་ལྟ་བུའི་སྲོག་ཤིང་གི་ནུས་པ་བཏོན་པ་དེ་ནི་ཀྲུང་གོའི་མི་དམངས་ཀྱི་རི་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པའི་འགག་རྩར་གྱུར་ཡོད། རི་འགོག་དམག་འཁྲུག་ནི་ཀྲུང་གོ་གུང་ཁྲན་ཏང་རིམ་བཞིན་འཕེལ་རྒྱས་དང་སྟོབས་ཆེར་འགྲོ་བའི་དུས་མཚམས་གལ་ཆེན་ཞིག་ཡིན་ལ། ནུབ་ཕྱོགས་སྤྱི་ཚོགས་ཀྱིས་ཀྲུང་གོར་རྒྱུས་ལོན་བྱེད་པའི་ལོ་རྒྱུས་ཀྱི་སྐར་ཁུང་གལ་ཆེན་ཞིག་ཀྱང་ཡིན་ཞེས་བརྗོད།
དུས་ཡུན་རིང་པོའི་ནང་ཀྲུང་གོའི་རི་འགོག་དམག་འཁྲུག་ནི་ནུབ་ཕྱོགས་འཛམ་གླིང་གིས་འཛམ་གླིང་དམག་ཆེན་གཉིས་པའི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་པའི་གཙོ་གནད་ཅིག་མིན། ཀྲུང་གོ་དང་ཕྱི་རྒྱལ་གྱི་མཁས་དབང་དེ་བས་མང་བའི་ཐུན་མོང་འབད་བརྩོན་འོག་འཛམ་གླིང་དམག་ཆེན་གཉིས་པའི་ཁྲོད་ཀྱི་ཀྲུང་གོ་དང་ཀྲུང་གོའི་གཡུལ་སའི་གནས་བབ་དང་ནུས་པར་མཐོང་དེ་བས་ཀྱང་ཆེ་རུ་འགྲོ་བཞིན་ཡོད། ཀྲུང་གོའི་གནད་དོན་གྱི་རིགས་གཅིག་མཁས་ཅན་ཡིན་པའི་སྨི་ཐེ་ཡིས་ལོ་མང་རིང་ཀྲུང་གོའི་རི་འགོག་དམག་འཁྲུག་གི་ལོ་རྒྱུས་ལ་རྒྱུན་མཐུད་ཞིབ་འཇུག་བྱས་པ་དང་ཆེད་རྩོམ་མང་པོ་པར་སྐྲུན་བྱས་ཏེ་འཛམ་གླིང་དམག་ཆེན་གཉིས་པའི་ཁྲོད་ཀྲུང་གོས་ཧྥ་ཤི་སིའི་བཙན་འཛུལ་ལ་འགོག་རྒོལ་བྱ་ཆེད་ལོ་རྒྱུས་རང་བཞིན་གྱི་ལེགས་སྐྱེས་ཕུལ་བ་ངོ་སྤྲོད་བྱས་ཡོད།
“ད་ཆ་ཨ་རིའི་ཤིང་ཨོར་ལེང་གྲོང་ཁྱེར་དུ་གནས་པའི་ཨ་རིའི་རྒྱལ་ཁབ་འཛམ་གླིང་དམག་ཆེན་གཉིས་པའི་དམག་འཁྲུག་གི་རྟེན་མཛོད་ཁང་དང་དབྱིན་ཇིའི་ལོན་ཏོན་གྱི་བཙན་རྒྱལ་དམག་འཁྲུག་རྟེན་མཛོད་ཁང་སོགས་ཚང་མར་ཆེད་དམིགས་འགྲེམས་ཁུལ་བཙུགས་ནས་འཛམ་གླིང་དམག་ཆེན་གཉིས་པའི་ཁྲོད་ཀྱི་ཀྲུང་གོའི་ལོ་རྒྱུས་ཀྱི་ནུས་པ་ཆ་ལག་ཚང་བའི་སྒོ་ནས་ངོ་སྤྲོད་བྱས་ཡོད་པས། ཀྲུང་གོའི་མི་དམངས་ཀྱི་ཡིད་སྐྱོ་ལ་བསྟོད་གླུ་འབུལ་འོས་པའི་རི་འགོག་དམག་འཁྲུག་གི་ལོ་རྒྱུས་ཤེས་རྟོགས་ཐུབ་མཁན་ནུབ་ཕྱོགས་བ་སྔར་ལས་མང་དུ་འགྲོ་བཞིན་ཡོད་པ་དང་། དེས་དེ་སྔ་སྣང་མེད་དུ་བཏང་བའི་ལོ་རྒྱུས་གལ་ཆེན་དེ་རྒྱལ་སྤྱིའི་མཐོང་ལམ་དུ་རིམ་བཞིན་མངོན་བཞིན་ཡོད”“ཀྲུང་གོའི་གཡུལ་ས་ད་ཆ་འཛམ་གླིང་དམག་ཆེན་གཉིས་པའི་ལོ་རྒྱུས་ཀྱི་སྤྱི་ཡོངས་ཀྱི་དོན་བརྗོད་སྒྲོམ་གཞིའི་ནང་བཅུག་ཟིན་པས། ཞི་བདེ་རྒྱ་མཚོ་ཆེ་མོའི་གཡུལ་སའི་ཞོར་གཏོགས་ཀྱི་ཆ་ཤས་ཁོ་ནར་བརྩིས་ནས་མངོན་པར་བྱེད་ཀྱི་མེད། —ཀྲུང་གོའི་རི་འགོག་དམག་འཁྲུག་གི་ལོ་རྒྱུས་སྣང་མེད་དུ་འཇོག་མི་རུང་ལ་ཉམས་ཞན་དུའང་དེ་བས་གཏོང་མི་རུང”ཞེས་སྨི་ཐེ་ཡིས་བརྗོད།
“ང་ཚོས་ངེས་པར་དུ་དམག་འཁྲུག་གི་སྔར་ན་མེད་པའི་གཏོར་སྐྱོན་རང་བཞིན་བློ་ལ་བརྟན་པོར་ངེས་དགོས་པ་དང་། ལྷག་པར་དུ་རྒྱལ་སྤྱིའི་དུས་བབ་ཡོ་ལང་སྐབས་ལོ་རྒྱུས་ཀྱི་ལམ་ནོར་ཐོག་བསྐྱར་དུ་མི་འགྲོ་བ་ནི་མིའི་རིགས་ཡོངས་ཀྱི་ཐུན་མོང་གི་འགན་འཁྲི་ཡིན”ཞེས་སྨི་ཐེ་ཡིས་བརྗོད་པ་དང་། ཁོང་གིས་ང་རང་ཀྲུང་གོར་བསྐྱོད་དེ་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བར་དྲན་གསོ་ཞུ་བའི་འབྲེལ་ཡོད་བྱེད་སྒོར་ཞུགས་རྒྱུ་ཡིན། “འབྱུང་འགྱུར་གཞོན་ནུ་མཁས་དབང་དེ་བས་མང་བ་ཀྲུང་གོར་བསྐྱོད་དེ་ས་གནས་ས་ཐོག་ཏུ་རྟོག་ཞིབ་བྱས་པ་བརྒྱུད་ཀྲུང་གོའི་ལོ་རྒྱུས་དང་། དམག་འཁྲུག་གི་དྲན་ཤེས། དར་རྒྱས་གོང་འཕེལ་བཅས་ལ་ངོས་འཛིན་གསལ་པོ་ཞིག་ཐུབ་པའི་རེ་བ་ཡོད”ཅེས་བརྗོད།