ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱིས་རིག་གནས་དང་ཡུལ་སྐོར་རྣམ་གྲངས་ཕུལ་བྱུང་དེ་བས་མང་བ་གཏོད་རྒྱུ་ཡིན་པ།
ཤིན་ཧྭ་གསར་འགྱུར་ཁང་ཆིང་ཏའོ་ནས་ཟླ་7ཚེས་7ཉིན་གློག་འཕྲིན་འབྱོར་གསལ། ཚེས་7ཉིན་གསར་འགོད་པར་རིག་གནས་དང་ཡུལ་སྐོར་པུའུ་ནས་ཤེས་རྟོགས་བྱུང་བར། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཁག་གིས་འཚོག་ཉེར་ཡོད་པའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཐེན་ཅིན་དབུ་ཚོགས་གོ་སྐབས་སུ་བྱས་ཏེ། ཕུལ་བྱུང་རིག་གནས་དང་ཡུལ་སྐོར་རྣམ་གྲངས་དེ་བས་མང་བ་བཏོད་ནས་མི་ཆོས་རིག་གནས་ཁྱབ་ཁོངས་ཀྱི་མཉམ་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བར་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་སྟོབས་ཤུགས་ལེགས་སྐྱེས་འབུལ་རྒྱུ་ཡིན་པ་རེད།
ཉིན་དེར་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱི་རིག་གནས་པུའུ་ཀྲང་གི་མཇལ་འཛོམས་ཐེངས་ཉེར་གཉིས་པ་དང་ཡུལ་སྐོར་སྡེ་ཚན་གྱི་འགོ་ཁྲིད་པའི་ཚོགས་འདུ་ཆིང་ཏའོ་རུ་ཁག་སོ་སོར་འཚོགས་ཡོད། རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཡིན་པའི་ཀྲུང་གོས་ཚོགས་འདུ་གཙོ་སྐྱོང་བྱས་པ་དང་། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་10ཡི་རིག་གནས་དང་ཡུལ་སྐོར་སྡེ་ཚན་གྱི་འགན་འཁུར་བ་དང་། འཐུས་མི། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དྲུང་ཆེ་བཅས་ཚོགས་འདུར་ཞུགས་ཡོད།
ཚོགས་འདུའི་ཐོག ཕྱོགས་ཁག་གིས་ཁེར་གྷི་སི་ཐན་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆའོ་ཧྥུང་ཨ་ཐ་གྲོང་ཁྱེར་2025ལོ་ནས་2026ལོའི་བར་གྱི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཡུལ་སྐོར་དང་རིག་གནས་ལྟེ་བའི་གདམ་བྱའི་གྲོང་ཁྱེར་དུ་མིང་འདོན་བྱ་རྒྱུར་མོས་མཐུན་མགྲིན་གཅིག་ཏུ་བྱུང་བ་དང《ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་2025ལོའི་རིག་གནས་སྤེལ་རེས་རྣམ་གྲངས་ཀྱི་གསལ་ཐོར》གྲོས་འཆམ་བྱུང་ནས་ཚོགས་འདུའི་ཟིན་བྲིས་གནད་བསྡུས་ལ་མིང་རྟགས་བཀོད་ཡོད།
དེ་ཉིན་དགོང་མོར་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱི་སྒྱུ་རྩལ་དུས་ཆེན་གྱི་འགོ་ཚུགས་མཛད་སྒོ་དང་གཞོན་ནུའི་གླུ་གཞས་འདུ་ཚོགས་ཆིང་ཏའོ་ཨོ་ལིམ་ཕིག་གཡོར་གྲུ་ལྟེ་གནས་སུ་འཚོགས་པ་རེད།