རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་རེས་འཁོར་དཔལ་འབྱོར་སྐུལ་སྤེལ་སྐོར་གྱི་བཅའ་ཁྲིམས་ཀྱི་ཁྲིམས་སྒྱུར་ཞིབ་བཤེར་བྱེད་འགོ་ཚུགས་པ།
རེས་འཁོར་དཔལ་འབྱོར་སྐུལ་སྤེལ་སྐོར་གྱི་བཅའ་ཁྲིམས་ལག་བསྟར་ནུས་ལྡན་བྱེད་པར་སྐུལ་འདེད་གཏིང་ཟབ་བཏང་ནས། ཐོན་ཁུངས་བེད་སྤྱོད་ཀྱི་ལས་ཕྱོད་སྔར་བས་ཆེ་རུ་དང་རེས་འཁོར་བེད་སྤྱོད་ཀྱི་ཆུ་ཚད་མཐོ་རུ་བཏང་སྟེ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྱོན་ཡོངས་ལྗང་མདོག་ཕྱོགས་སྒྱུར་ལ་སྐུལ་འདེད་གཏོང་ཆེད། ཚེས་7ཉིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་རེས་འཁོར་དཔལ་འབྱོར་སྐུལ་སྤེལ་སྐོར་གྱི་བཅའ་ཁྲིམས་ཀྱི་ཁྲིམས་སྒྱུར་ཞིབ་བཤེར་བྱེད་འགོ་ཚུགས་པ་རེད།
རེས་འཁོར་དཔལ་འབྱོར་སྐུལ་སྤེལ་སྐོར་གྱི་བཅའ་ཁྲིམས་2009ལོ་ནས་ལག་བསྟར་བྱས་ཤིང་། དེ་ནི་རང་རྒྱལ་གྱི་ཐོན་ཁུངས་བེད་སྤྱོད་ཀྱི་ལས་ཕྱོད་ཆེ་རུ་གཏོང་རྒྱུ་དམིགས་ཡུལ་དུ་བྱས་པའི་བཅའ་ཁྲིམས་དང་པོ་དེ་ཡིན་པ་རེད།
ཚེས་7ཉིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་རེས་འཁོར་དཔལ་འབྱོར་སྐུལ་སྤེལ་སྐོར་གྱི་བཅའ་ཁྲིམས་ཁྲིམས་སྒྱུར་ཞིབ་བཤེར་ཚོགས་ཆུང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་ཐོག་ནས་གསར་འགོད་པར་ཤེས་རྟོགས་བྱུང་གསལ། ཐེངས་འདིར་ཁྲིམས་སྒྱུར་ཞིབ་བཤེར་བྱེད་པར་ས་གནས་སུ་བསྐྱོད་དེ་ཞིབ་བཤེར་བྱེད་པ་དང་ཞིང་ཆེན་རིམ་པའི་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ལ་ཞིབ་བཤེར་བྱ་རྒྱུའི་མངགས་བཅོལ་བྱེད་པ་གཉིས་ཟུང་འབྲེལ་བྱས་ཡོད། ཟླ་བ་བདུན་པ་ནས་དགུ་པའི་བར། ཞིབ་བཤེར་ཚོགས་ཆུང་ཐེན་ཅིན་དང་། ཅང་སུའུ། ཀྲེ་ཅང་། ཧྥུའུ་ཅན། ཧུའུ་པེ། ཀོང་ཏུང་སོགས་ཞིང་ཆེན(གྲོང་ཁྱེར)དུ་སོ་སོར་བསྐྱོད་དེ་ཡུལ་དངོས་སུ་ཞིབ་བཤེར་བྱ་རྒྱུ་མ་ཟད། ད་དུང་ནང་སོག་དང་། ཧུའུ་ནན། ཁྲུང་ཆིང་། ཀུའེ་ཀྲོའུ། ཡུན་ནན། ཀན་སུའུ་སོགས་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)གྱི་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ལ་སྲིད་འཛིན་ཁུལ་དེ་གའི་ཁྱབ་ཁོངས་ཀྱི་རེས་འཁོར་དཔལ་འབྱོར་སྐུལ་སྤེལ་སྐོར་གྱི་བཅའ་ཁྲིམས་ལག་བསྟར་བྱེད་ཚུལ་ལ་ཞིབ་བཤེར་བྱ་རྒྱུའི་མངགས་བཅོལ་ཡང་བྱས་ཡོད་པ་རེད། ཞིབ་བཤེར་ཚོགས་ཆུང་གིས་སྙན་ཞུར་ཉན་པ་དང་། བཞུགས་མོལ་བྱེད་པ། ཡུལ་དངོས་སུ་ཞིབ་བཤེར། སྐབས་བསྟུན་འཐེན་བཤེར། འདྲི་ཤོག་བརྟག་དཔྱད་སོགས་བྱེད་ཐབས་སྣ་ཚོགས་བརྒྱུད་བཅའ་ཁྲིམས་ལག་བསྟར་བྱེད་ཚུལ་ཕྱོགས་ཡོངས་ནས་ཤེས་རྟོགས་བྱ་རྒྱུ་མ་ཟད། བཅའ་ཁྲིམས་ལག་བསྟར་བྱེད་སྐབས་འཕྲད་པའི་ཡོངས་ཁྱབ་རང་བཞིན་གྱི་གནད་དོན་མངོན་གསལ་དོད་རིགས་ལ་བརྟག་ཞིབ་གཏིང་ཟབ་བྱས་ནས། བཅའ་ཁྲིམས་ལག་བསྟར་སྔར་བས་ཡག་པོ་ཐུབ་རྒྱུར་སྐུལ་འདེད་ཀྱིས་ལྟ་སྐུལ་གྱི་ཕན་འབྲས་དངོས་ཆེ་རུ་ཏན་ཏིག་གཏོང་རྒྱུ་ཡིན་པ་རེད།