སྤྱི་ཁྱབ་ཧྲུའུ་ཅིའི་འཕྲིན་ལན་གྱི་མངགས་བཅོལ་བློ་ལ་བརྟན་པོར་ངེས་ཏེ་བློ་རྩ་བརྟན་པོས་ཏང་གི་རྗེས་སུ་འབྲེང་དགོས།
བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་བསུ་བ་ཞུ་ཉེའི་མཚམས་སུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཉིང་ཁྲི་གྲོང་རྡལ་ཀ་ལ་གྲོང་ཚོའི་གྲོང་མི་ཡོངས་ལ་འཕྲིན་ལན་སྤྲིངས་ནས་ཀ་ལ་གྲོང་ཚོའི་འཕེལ་རྒྱས་ཀྱི་གྲུབ་འབྲས་གསར་པར་དགའ་སྤྲོའི་ཐུགས་སེམས་མཚོན་པ་དང་། མི་དམངས་གཙོ་འཛིན་མི་དམངས་ལ་དགའ་བའི་བརྩེ་སེམས་ཟབ་མོ་མངོན་པ་མ་ཟད། སྤྱི་ཁྱབ་ཧྲུའུ་ཅིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཐུགས་ཁུར་ཟབ་མོ་གནང་ལུགས་དང་ཐུགས་རེ་ཟབ་མོ་བཅངས་ལུགས་ཀྱང་མཚོན་ཡོད་པས་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ངོས་ནས་བརྗོད་ན་སྐུལ་ལྕག་ཆེན་པོ་གནང་བ་ཞིག་ཡིན་ལ། ང་ཚོས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་གཏོང་བར་སྐུལ་ལྕག་ནུས་ལྡན་གནང་བ་ཞིག་ཀྱང་རེད།
སྤྱི་ཁྱབ་ཧྲུའུ་ཅིས་འཕྲིན་ལན་ནང“ཚང་མས་འཕྲིན་ཡིག་ནང་དུ་བྱང་སྐར་སྤུན་བདུན་གྱི་ལམ་སྟོན་ཇི་བཞིན་བསྐྱོད་ན་ལམ་ནོར་ཐེབས་མི་སྲིད་པ་དང་། གུང་ཁྲན་ཏང་གི་རྗེས་སུ་འབྲངས་ན་བདེ་སྐྱིད་ཐོབ་ངེས་རེད་ཅེས་བརྗོད་པ་དེ་ཡག་པོ་འདུག”ཅེས་གསུངས་ཡོད། བབ་ཆགས་པའི་སྐད་ཆ་དེ་ནི་ཀ་ལ་གྲོང་ཚོའི་གྲོང་མིའི་མྱོང་ཚོར་ངོ་མ་ཡིན་ལ། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་སེམས་གཏིང་གི་སྐད་ཆ་ཡང་ཡིན། གྲུའི་ཤུགས་ནི་གྲུ་གཡོར་ལ་ཡོད། མིའི་སྟོབས་ཤུགས་ནི་སེམས་ལ་ཡོད། སྔོན་ཆད་ལ་ཕྱིར་མིག་ལྟ་སྐབས། ཀྲུང་གོ་གུང་ཁྲན་ཏང་གི་བློ་བརྟན་འགྱུར་མེད་ཀྱི་འགོ་ཁྲིད་འོག་བོད་འདི་ཉིད་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་ཆེན་པོ་བྱུང་ཡོད། ཏང་གི་མཐའ་དར་དམངས་ཕྱུག་སྲིད་ཇུས་གྲོང་ཚོ་ཧྲིལ་པོར་དཔྱིད་རླུང་ལྡང་བ་བཞིན་ཁྱབ་ནས་ལམ་བུ་ཤར་གཏོང་ཐུབ་པ་དང་། གློག་ཁྲིད་པ། སྤུས་རྟགས་སྐད་གྲགས་ཆོད་པ་བཅས་དང་། “ཁམ་བུའི་མེ་ཏོག་གྲོང་ཚོ”ཡང་ནོར་གཞོང་ལྟ་བུར་གྱུར་ནས་གྲོང་མིའི་ཡོང་འབབ་ཆེས་ཆེར་འཕར་བ་དང་འཚོ་བ་ཇེ་ལེགས་སུ་འགྲོ་བཞིན་ཡོད། དེ་ནི་ཏང་གི་རྗེས་སུ་འབྲངས་པ་ལས་བྱུང་བའི་ཕན་པ་དངོས་རེད།
སྤྱི་ཁྱབ་ཧྲུའུ་ཅིས་འཕྲིན་ལན་ནང་ཚང་མར“མི་རིགས་མཐུན་སྒྲིལ་སྲུང་སྐྱོང་ཏན་ཏིག་བྱས་ནས་སྔར་ལས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་དགོས”ཞེས་བླང་བྱ་བཏོན་གནང་ཡོད། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ་ནི་བོད་འཕེལ་རྒྱས་དང་ཡར་རྒྱས་ཡོང་བའི་རྨང་རྡོ་ལྟ་བུ་ཡིན། ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་སུ་བོད་རིགས་དང་། རྒྱ་རིགས། ཧུའེ་རིགས། མོན་པ་རིགས། ལྷོ་པ་རིགས་སོགས་མི་རིགས་མང་པོ་ཞི་མཐུན་མཉམ་གནས་ཡོད་པ་དེ་ནི་མཛེས་སྡུག་ལྡན་པའི་རི་མོ་ཞིག་དང་གཉིས་སུ་མ་མཆིས། མཐུན་སྒྲིལ་ནི་རྩམ་པ་དང་འདྲ་བར་གཡོས་ན་གཞི་ནས་ཞིམ་མངར་རོ་བཅུད་ལྡན་པའི་སྤགས་སྒོང་ཆགས་ཐུབ། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་ལག་གདང་སྦྲེལ་ནས་འབད་བརྩོན་བྱེད་པ་དང་། ཡུལ་སྐོར་བ་དང་གྲོང་མི་འཆམ་མཐུན་ངང་མཉམ་གནས་སོགས། མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་འདི་གར་བཀྲག་མདངས་རྒྱས་པའི་ངང་བཞད་བཞིན་ཡོད། 2024ལོར་ཀ་ལ་གྲོང་ཚོར“རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མཉམ་སྡེབ”ཀྱི་གཟི་བརྗིད་མཚན་སྙན་ཐོབ་པ་དེ་ནི་བདེན་དཔང་ཡག་ཤོས་ཤིག་རེད།
སྤྱི་ཁྱབ་ཧྲུའུ་ཅིས་འཕྲིན་ལན་ནང“གངས་ལྗོངས་ས་མཐོའི་རང་བྱུང་མཛེས་ལྗོངས་ལ་སྲུང་སྐྱོང་ཡག་པོ་བྱེད་དགོས”ཞེས་ནན་བཤད་གནང་ཡོད། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཡག་པོ་བྱ་རྒྱུ་ནི་བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལྡོག་མེད་ཀྱི་བླང་བྱ་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ཚད་མཐོའི་མཐོང་ཆེན་གནང་ནས་སྐུ་ངོ་མས་བོད་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་བཀོད་སྒྲིག་གནང་ཡོད། ལོ་ངོ་འདི་དག་རིང་ཀ་ལ་གྲོང་ཚོས་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ། འགྲོ་ལམ་མཁྲེགས་འགྱུར་དང་། སྦུག་དྲ་ས་འོག་ཏུ་འཇུག་པ། མི་ཕྱུགས་ལོགས་དབྱེ། དུད་ཚང་གི་གསང་སྤྱོད་སྒྱུར་བཀོད། ཤིང་འཛུགས་ནགས་བཟོ་སོགས་ཀྱི་ལས་གྲྭ་གཅིག་སྡུད་ངང་སྤེལ་ཡོད། “ལྗང་མདོག་དངུལ་ཁང”གི་བརྗེ་རེས་ཚོང་ཁང་བཙུགས་ནས་གད་སྙིགས་ཚུར་བསྡུ་བྱས་ཏེ་སྐར་མ་གསོག་པ་དང་། གནས་གཏན་འཁེལ་དུ་ཉིན་མཁོའི་དངོས་རྫས་བརྗེ་བ། གྲོང་ཚོའི་མཉམ་སྡེབ་ཀྱི་མ་དངུལ་ནས་ཁ་གསབ་སྤྲོད་པ་བཅས་ཀྱི་བྱ་ཐབས་སྤྱད་དེ་གྲོང་མིར་གད་སྙིགས་རིགས་དབྱེ་ཚུར་བསྡུའི་གོམས་གཤིས་བཟང་པོ་འཇགས་པར་ཁྲིད་སྟོན་བྱས་ཡོད། ད་ལྟའི་ཀ་ལ་གྲོང་ཚོའི་གང་སར་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ཀྱིས་ཁྱབ་ཡོད།
སྤྱི་ཁྱབ་ཧྲུའུ་ཅིས་འཕྲིན་ལན་ནང་ང་ཚོར“དར་རྒྱས་བརྟན་ལྷིང་གི་མེས་རྒྱལ་གྱི་མཐའ་མཚམས་འཛུགས་སྐྲུན་བྱེད་པར་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས”ཞེས་མངགས་བཅོལ་གནང་ཡོད། དར་རྒྱས་བརྟན་ལྷིང་གི་མེས་རྒྱལ་གྱི་མཐའ་མཚམས་འཛུགས་སྐྲུན་བྱ་རྒྱུ་ནི་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་གི་འགན་འཁྲི་ཡིན། དུས་རབས་གསར་པར། མཐའ་མཚམས་ས་ཁུལ་གྱིས་རྒྱལ་ཡོངས་དང་མཉམ་དུ་དབུལ་སྐྱོར་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པ་དང་། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་བསྐྲུན་ཐུབ་པ་བྱེད་པ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་ལམ་གསར་པའི་ཐོག་བསྐྱོད་པ་བཅས་ལ་ཏང་ཀྲུང་དབྱང་གིས་སྐུལ་འདེད་བཏང་བས། མཐའ་མཚམས་བཅོས་སྐྱོང་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་ཡོད། ད་ལྟའི་མེས་རྒྱལ་གྱི་མཐའ་མཚམས་སུ་མཐའ་མཚམས་བརྟན་ལྷིང་དང་། མཐའ་མཚམས་བདེ་འཇགས། མཐའ་དམངས་ཕྱུག་པོ། མཐའ་མཚམས་མཛེས་པོ། མཐའ་མཚམས་འཆམ་མཐུན་བཅས་ཀྱི་གསོན་ཉམས་ལྡན་པའི་སྣང་ཚུལ་མངོན་ཡོད། འགོ་འཛུགས་ས་གསར་པའི་ཐོག་ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་ཁྲིད་གནང་བའི་མདུན་སྐྱོད་ཀྱི་ཁ་ཕྱོགས་བློ་ལ་བརྟན་པོར་ངེས་ནས་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་བྱས་ཏེ་སེམས་ནུས་གཅིག་སྒྲིལ་དང་བློ་རྩ་བརྟན་པོས་གངས་ལྗོངས་ས་མཐོའི་བདེ་སྐྱིད་ཀྱི་ལེའུ་གསར་པ་མཉམ་དུ་རྩོམ་དགོས།