དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཆབ་མདོ་གྲོང་ཁྱེར་གྱི་དབང་པོ་སྐྱོན་ཅན་གྱི་འགན་སྲུང་མ་ལག་ཕྱོགས་ཡོངས་ནས་རིམ་སྤོར་བྱས་པ།

    “ཁ་གསབ་ཁག་གཉིས”ཀྱི་ཚད་གཞི་20%མཐོ་རུ་བཏང་ནས“མཐའ་མའི་འགག་གནད”སེལ་བར་ཞབས་འདེགས་ཞུས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-07-10

    ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་སྤོམ་མདའ་ཁྲོམ་གཞུང་སྡེ་ཁུལ་དུ་ལོ་དྲུག་ཅུ་ལྷག་ཙམ་ལ་སླེབས་པའི་ཀྲང་ཀོང་ཅུན་གྱིས་ལག་ཐོགས་ཁ་པར་ནས་རང་ཉིད་ཀྱི་དངུལ་ཁང་གཱ་ནང་སླར་ཡང་སྒོར་432བརྒྱབ་པའི་ཆ་འཕྲིན་ལ་ལྟ་བཞིན་འདུག ཟླ་རེར་དུས་བཀག་ལྟར་བརྒྱབ་པའི་དབང་པོ་སྐྱོན་ཅན་གྱི་ཁ་གསབ་དངུལ་དེ་ཁོང་གི་ངོས་ནས་བརྗོད་ན་འཚོ་བརྟེན་ཞིག་ཡིན་པ་མ་ཟད། འཚོ་བ་གང་ལ་གང་འཚམ་ཞིག་སྐྱེལ་བའི་འགན་སྲུང་ཞིག་དེ་བས་རེད།

    ཀྲང་ཀོང་ཅུན་གྱི་འཚོ་བ་དེ་ལྟ་བུའི་དྲོ་སྐྱིད་ལྡན་པ་ཞིག་ཡོང་དོན་ནི་འདི་ལོའི་རང་སྐྱོང་ལྗོངས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་བཏོན་པའི་དམངས་འཚོའི་དོན་དངོས་ཏེ་དབང་པོ་སྐྱོན་ཅན་གྱི་ཕན་བདེ་འགན་སྲུང་མ་ལག་ཕྱོགས་ཡོངས་ནས་རིམ་སྤོར་བྱས་པ་ལས་བྱུང་བ་ཞིག་རེད། གྲོང་ཁྱེར་ཡོངས་ཀྱི་ལག་ཁྱེར་ཡོད་པའི་དབང་པོ་སྐྱོན་ཅན་ཁྲི་3ཙམ་ལ་ཁྱབ་པའི“ཁ་གསབ་ཁག་གཉིས”(དཀའ་ངལ་ཡོད་པའི་དབང་པོ་སྐྱོན་ཅན་གྱི་འཚོ་བའི་ཁ་གསབ་དང་དབང་པོ་སྐྱོན་ཅན་ཚབས་ཆེན་རིམ་པའི་ནད་གཡོག་གི་ཁ་གསབ)ཀྱི་ཚད་གཞི་གཉིས་ཀ་20%མཐོ་རུ་བཏང་ནས་མི་རེར་ཟླ་རེར་སྒོར་144དང་288སོ་སོར་ཟིན་གྱི་ཡོད། ཀྲང་ཀོང་ཅུན་ལྟ་བུའི་དཀའ་ངལ་ཡོད་པའི་དབང་པོ་སྐྱོན་ཅན་ཚབས་ཆེན་རིམ་པས་རིམ་བརྩེགས་རེ་ཞུ་བྱས་རྗེས་ཟླ་རེར་ཁ་གསབ་སྒོར་432ལེན་རྒྱུ་ཡོད། འདི་ནི་ས་མཐོའི་དྲོ་འཇམ་ཉི་འོད་དང་འདྲ་བར་འཚོ་གནས་དཀའ་བའི་འཁྱགས་རོམ་བཞུར་ནས་སྲིད་ཇུས་ཀྱི་ཐུགས་ཁུར་གནད་འཁེལ་ངང་བརྒྱུད་སྤྲོད་བྱས་ཡོད།

    “མཐའ་མའི་འགག་གནད”ཤར་གཏོང་ཐུབ་པ།

    ཁ་རུབ་ཆུས་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས“ལས་ཆོད་ཆེན་པོས་དོན་དག་གཅིག་སྒྲུབ་པའི”ཕྱོགས་བསྡུས་ཞབས་ཞུའི་སྐར་ཁུང་དུ། ལས་དོན་མི་སྣ་བསྟན་སྒྲོན་གྱིས་བདེ་ཆེན་གཡུ་མཚོའི་ལག་ཁྱེར་གཉེར་བར་མཁོ་བའི་དབང་པོ་སྐྱོན་ཅན་གྱི་དཔྱད་བསྡུར་གཏན་འབེབས་རེའུ་མིག་དང་དབང་པོ་སྐྱོན་ཅན་གྱི་ལག་ཁྱེར་རེ་ཞུའི་རེའུ་མིག་རྒྱོང་རོགས་བྱེད་བཞིན་འདུག “ཁོ་མོ་ལྟ་བུའི་རྐང་ལག་དབང་པོ་སྐྱོན་ཅན་གྱི་རིམ་པ་གཉིས་པའི་ཚད་གཞི་དང་མཐུན་པས‘ཁ་གསབ་ཁག་གཉིས’མཉམ་དུ་རེ་ཞུ་བྱེད་ཆོག”ཅེས་བསྟན་སྒྲོན་གྱིས་བཤད།

    ཇི་ལྟར་བྱས་ན་མང་ཚོགས་ཕར་རྒྱུག་ཚུར་རྒྱུག་བྱེད་མི་དགོས་པ་ཡོང་ངམ། ཁ་རུབ་ཆུས་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་འཛིན་པ་སྒྲོལ་མས“ང་ཚོས‘ཡུལ་གཞན་དུ་གཉེར་བ་དང་བརྒྱུད་རིམ་ཧྲིལ་པོ་དྲ་ཐོག་ནས་གཉེར་རྒྱུ’ཁྱབ་སྤེལ་ཤུགས་ཆེན་གཏོང་གི་ཡོད། དབང་པོ་སྐྱོན་ཅན་རྣམས་ས་ཆ་གཞན་དུ་ཡོད་ཀྱང་དྲ་ཐོག་ལས་སྟེགས་བརྒྱུད་རེ་ཞུ་བྱས་ན་འགྲིག ང་ཚོས“ཉིན་དེ་རང་ལ་ཞིབ་དཔྱད”ཐུབ་པའི་བརྩོན་ལེན་བྱེད་ཀྱི་ཡོད”ཅེས་ལན་གསལ་པོ་བརྒྱབ། ཞབས་ཞུའི་སྐར་ཁུང་སྟབས་བདེ་ཡོང་བར་བྱེད་པ་ནི་ཆབ་མདོ་གྲོང་ཁྱེར་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས“གཞི་རིམ་གྱི་དབང་པོ་སྐྱོན་ཅན་རྩ་འཛུགས་གྲོང་ཚོ(སྡེ་ཁུལ)དབང་པོ་སྐྱོན་ཅན་མཐུན་ཚོགས་སྒྱུར་བཅོས”གཞི་རྟེན་དུ་བྱས་ནས་སྲིད་ཇུས་ལག་ལེན་བསྟར་བའི“མཐའ་མའི་འགག་གནད”ཤར་གཏོང་བྱས་པའི་བསྡུས་རིས་ཤིག་རེད།

    ཆབ་མདོ་གྲོང་ཁྱེར་གྱིས་གྲོང་ཚོའི(སྡེ་ཁུལ)དབང་པོ་སྐྱོན་ཅན་མཐུན་ཚོགས་ཀྱི་ཆེད་བསྐོས་ལས་དོན་མི་སྣར་ཞིབ་ཚགས་པའི་ལས་འགན་གསལ་ཐོ་བཟོས་པ་སྟེ། ཟླ་རེར་ངེས་པར་དུ“མི་གཅིག་ལ་ཡིག་ཚགས་གཅིག”བཟོ་བ་དང་། ཁྱིམ་དུད་དུ་བསྐྱོད་ནས་དགོས་མཁོ་ཤེས་རྟོགས་བྱེད་པ། སྤྱི་ཚོགས་ཀྱི་རོགས་སྐྱོབ་ལ་གཞོགས་འདེགས། སྲིད་ཇུས་སྒྲོག་འགྲེལ། འགལ་བ་འདུམ་འགྲིག་སོགས“དམིགས་ཚད་ནན་པོ”ཁག་8བཟོས་པ་དང་། དབང་པོ་སྐྱོན་ཅན་དབུལ་ལོག་དང་དབུལ་པོར་འགྱུར་བའི་ཉེན་ཁར་སྐབས་བསྟུན་ལྟ་ཞིབ་ཚད་ལེན་བྱས་ཏེ་གློ་བུར་དུ་བྱུང་བའི་དཀའ་ངལ་དུས་ཐོག་ཏུ་སྙན་སེང་ཞུ་དགོས་པ། ལས་ཀའི་རྩིས་ཐོའི་པར་རིས་དང་ཡི་གེ་ཞིབ་ཕྲ་དགོས་པ་དང་དཔྱད་ཞིབ་དང་ཞིབ་བཤེར་རྩིས་ལེན་ནན་པོ་དང་ལེན་བྱེད་དགོས་པ་བཅས་རེད། ཆེས་གཞི་རིམ་དུ་རྩ་བ་ཚུགས་པའི་ལས་དོན་དེ་དག་ལས“སྐབས་བསྟུན་ལེགས་སྒྲིག”དང“གནད་འཁེལ་དོ་དམ”དེ་ཡིག་ཆའི་བླང་བྱ་ནས་འབྲོག་ཁུལ་གྱི་དབང་པོ་སྐྱོན་ཅན་གྱི་ལག་ཏུ་རག་པའི་ཁ་གསབ་ལ་བསྒྱུར་བ་དང“གཞན་བརྟེན་རེ་ཞུ”དེ“རང་འགུལ་ཤེས་རྟོགས་དང་རང་འགུལ་ཞབས་འདེགས་ཞུ་བར”རིམ་སྤོར་བྱས་ཡོད།

    ཡོངས་བསྒྲགས་ངང་དྲང་གཞག་སྲུང་སྐྱོང་བྱེད་པ།

    སྲིད་ཇུས་དྲང་གཞག་དྲང་བདེན་དང་མ་དངུལ་བདེ་འཇགས་ནུས་ཆེ་ཡོང་བའི་འགན་ལེན་བྱ་ཆེད། ཆབ་མདོས་སྐབས་བསྟུན་དོ་དམ་དྲ་བ་དམ་ཚགས་ཤིག་བཟོས་པ་སྟེ།

    —— གྲངས་གཞི་ཕན་ཚུན་འབྲེལ་མཐུད་བྱེད་པ། དམངས་སྲིད་ཀྱི་མ་མཐའི་འགན་སྲུང་མ་ལག་དང་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་དབང་པོ་སྐྱོན་ཅན་གྱི་ལག་ཁྱེར་མ་ལག་དབར་དུས་ཐོག་ཏུ་གྲངས་གཞི་མཉམ་སྤྱོད་བྱས་ནས་གནས་ཚུལ་དུས་ཐོག་ཏུ་ཁོང་དུ་ཆུད་པར་བྱེད་པ།

    —— རང་འགུལ་ངང་རེ་ཞུ་འབུལ་བ་དང་སྒོ་ཁར་བདེན་དཔང་བྱེད་པ། ཕན་པ་ཐོབ་མཁན་གྱིས་དུས་བཀག་ལྟར་རང་འགུལ་ངང་ཐོབ་ཐང་རེ་ཞུ་བྱེད་པ་དང་འགུལ་སྐྱོད་སྟབས་བདེ་མེད་པ་རྣམས་ལ་ལས་དོན་མི་སྣས་སྒོ་རྩར་བསྐྱོད་ནས་ཞིབ་དཔྱད་བྱེད་པ།

    —— ཡོངས་བསྒྲགས་བྱེད་པ། ཁ་གསབ་བྱ་ཡུལ་ཚང་མའི་རུས་མིང་དང་དངུལ་གྲངས་གྲོང་ཚོར(སྡེ་ཁུལ)ཡུན་རིང་ཡོངས་བསྒྲགས་བྱས་ནས་མང་ཚོགས་ཀྱི་ལྟ་སྐུལ་དེ་འགན་སྲུང་ནུས་ལྡན་ཞིག་ཏུ་འགྱུར་བར་བྱེད་པ།

    —— དབྱེ་མཚམས་ཁ་གསལ་ཡོང་བར་བྱེད་པ། སྲིད་ཇུས་ཀྱི་འབྲེལ་མཐུད་དེ་ཞིབ་ཐོན་དཔྱད་ཆས་ལྟར་དམ་ནན་ཡོང་བར་བྱེད་པ་བཅས་རེད།

    ལས་འཛིན་པ་སྒྲོལ་མས་དམིགས་བསལ་དུ་ནན་བཤད་ཞིབ་ཕྲ་བྱས་པ་སྟེ། “དཔེར་ན། དྭ་ཕྲུག་གི་འགན་སྲུང་ལོངས་སུ་སྤྱོད་པའི་དབང་པོ་སྐྱོན་ཅན་བྱིས་པས་ཚབས་ལྕིའི་ནད་གཡོག་གི་ཁ་གསབ་རེ་ཞུ་བྱས་ཆོག་ཀྱང་འཚོ་བའི་ཁ་གསབ་ལེན་ཆོག་གི་མེད། ལས་རྨས་འགན་བཅོལ་གྱི་ནད་གཡོག་གི་གྲོན་དངུལ་ལེན་པའམ་ཡང་ན་དམིགས་བསལ་དཀའ་ངལ་ཡོད་པའི་འཚོ་སྐྱོང་ནང་བཅུག་པའི་དབང་པོ་སྐྱོན་ཅན་ལ‘ཁ་གསབ་ཁག་གཉིས’ལེན་ཆོག་གི་མེད། ཐེམ་ཐོ་བོད་ནས་སྤོས་ན་ཟླ་བ་རྗེས་མ་ནས་བཟུང་ཁ་གསབ་སྤྲོད་མཚམས་འཇོག་གི་ཡོད” དབྱེ་མཚམས་གསལ་པོ་ཡོད་པ་དེས་ལམ་ལུགས་དྲང་གཞག་དང་རྒྱུན་མཐུད་ཡོང་བར་འགན་ལེན་བྱེད་ཀྱི་ཡོད།

    ཐ་སྐྱོང་འགན་སྲུང་ནས་རང་ཚུགས་ཡོང་བར་བྱེད་པ།

    གཞི་རྩའི་འཚོ་གནས་ཀྱི་འཁྱགས་རོམ་དེ་སྲིད་ཇུས་ཀྱི་དྲོད་འཁོལ་ལ་བརྟེན་ནས་བཞུར་སྐབས། ཆབ་མདོ་གྲོང་ཁྱེར་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་མིག་རྒྱང་དེ་བས་རྒྱང་རིང་ལ་ཕྱོགས་པ་སྟེ། དབང་པོ་སྐྱོན་ཅན་རང་ཚུགས་ཡོང་བ་བྱ་རྒྱུ་དེ་རེད།

    རིམ་པ་གསུམ་པའི་རྐང་ལག་དབང་པོ་སྐྱོན་ཅན་ཡིན་པའི་ཡེ་ཤེས་བཟང་པོའི་གཏམ་རྒྱུད་ནི་འགྱུར་ལྡོག་དེའི་གསོན་ཉམས་ལྡན་པའི་མཚོན་བྱེད་ཅིག་རེད། ཆབ་མདོ་གྲོང་ཁྱེར་དང་ཁ་རུབ་ཆུས་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་འབྲེལ་མཐུད་ཧུར་ཐག་དང་རྩལ་ནུས་གསོ་སྦྱོང་གི་རྒྱབ་སྐྱོར་འོག ཁོང་ཁ་ལོ་བ་ཞིག་ཏུ་གྱུར། ལས་ཀ་འདི་ལས་ཐོབ་པ་ནི་ཡོང་འབབ་ཙམ་མ་ཡིན་པར་སྤྱི་ཚོགས་དང་མཉམ་འདྲེས་དང་རང་ཉིད་ཀྱི་རིན་ཐང་མངོན་འགྱུར་བྱུང་ནས་སྤོབས་སེམས་ལྡན་པའི་ངང་འཚོ་བ་སྐྱེལ་རྒྱུ་བྱུང་བ་དེ་རེད།

    གྲོང་ཁྱེར་ཡོངས་ཀྱི་ལག་ཁྱེར་ཡོད་པའི་དབང་པོ་སྐྱོན་ཅན་གྱི་ལས་ཞུགས་འབབ་འཕར་ཐབས་ལམ་རྒྱ་ཆེར་གཏོང་ཆེད། ཆབ་མདོ་གྲོང་ཁྱེར་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་རྒྱུན་མཐུད་ཤུགས་བརྒྱབ་ཅིང་། དུས་བཀག་ལྟར་དབང་པོ་སྐྱོན་ཅན་གྱི་ལས་བསྡུའི་འདུ་ཚོགས་གཉེར་བ་དང་འདི་ལོ་འདེམས་སྒྲུག་ཞིབ་ཚགས་བརྒྱབ་པ་དང་འབྲེལ་སྨན་བཅོས་འཕྲོད་བསྟེན་དང་། སྨྱན་སྦྱོར་གཉེར་སྐྱོང་། བཟའ་བཏུང་ཞབས་ཞུ་སོགས་ཁྱབ་ཁོངས་ཀྱི་དབང་སྐྱོན་ལ་འཚམ་པའི་ལས་གནས་200ལྷག་ཙམ་མཁོ་འདོན་བྱས་པ་དང་། ལས་རིགས་རྩལ་ནུས་གསོ་སྦྱོང་ལ་ཤུགས་སྣོན་བརྒྱབ་ནས་ལས་ཞུགས་ཀྱི་འགྲན་རྩོད་ནུས་པ་ཆེ་རུ་བཏང་ཡོད། “‘ཐ་སྐྱོང་འགན་སྲུང་བྱེད་པ་དང་འཕེལ་རྒྱས་ལ་མཐུན་རྐྱེན་སྦྱོར་བའི’འཁོར་ལམ་གཉིས་མཉམ་སྐྱོད་རྣམ་པ་ནི་ང་ཚོའི་འབད་བརྩོན་གྱི་ཁ་ཕྱོགས་ཡིན”ཞེས་ཡན་ཡའོ་ཡིས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།