ཆུ་བེད་ཀྱི་རྨང་གཞིའི་སྒྲིག་བཀོད་དེང་རབས་ཅན་ལ་སྐུལ་འདེད་མགྱོགས་མྱུར་བཏང་བ།
“ཆུ་དྲ་འཛུགས་པ་དེ་ནི་ཀྲུང་ཧྭ་མི་རིགས་ཀྱི་ཆུ་བཅོས་སྐྱོང་བརྒྱུད་རིམ་ཁྲོད་ཀྱི་དུས་རབས་ཀྱི་ངོ་མཚར་ཞིག་ཡིན་པས་བསྐལ་བརྒྱའི་ལོ་རྒྱུས་དེབ་ཐེར་ནང་འགོད་ངེས་རེད” “ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར། ཆུའི་ཐོན་ཁུངས་ཀྱི་གནད་དོན་ལ་བསམ་བློ་གཏོང་དགོས” “ཆུ་བེད་ཀྱི་རྨང་གཞིའི་སྒྲིག་བཀོད་དེང་རབས་ཅན་ལ་སྐུལ་འདེད་མགྱོགས་མྱུར་གཏོང་དགོས”ཞེས་པ་སོགས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་འཆར་འགོད་དང་། སྐུ་ངོ་མས་བཀོད་སྒྲིག སྐུ་ངོ་མས་ཆུ་བཅོས་སྐྱོང་གི་བྱ་གཞག་ལ་སྐུལ་འདེད་བཏང་གནང་ནས་རྒྱལ་ཁབ་ཀྱི་ཆུ་དྲ་སོགས་གཙོ་གནད་ཆུ་བེད་ལས་གྲྭ་འཆར་འགོད་གནང་ཡོད།
“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་རྩ་གནད་ནང“ཆུ་བེད་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་དགོས”ཞེས་བཏོན་ཡོད། ཆུ་བེད་ལས་གྲྭ་རེ་རེ་དང་གཙང་པོ་དང་། ཆུ་བོ། མཚེའུ་བཅས་མཉམ་འདྲེས་ཀྱི་དྲ་བ་ཞིག་ཆགས་ཡོད། 2022ལོ་ཚུན། རྒྱལ་ཡོངས་ཀྱི་ཆུ་བེད་འཛུགས་སྐྲུན་ལ་མ་དངུལ་གཏོང་ཚད་ལོ་གསུམ་བསྟུད་མར་སྒོར་དུང་ཕྱུར་ཁྲི་1ལས་བརྒལ་བ་དང་ད་ལོའི་ཟླ་བ་དང་པོ་ནས་ལྔ་པའི་བར་ཆུ་བེད་འཛུགས་སྐྲུན་ལ་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར་4089.7ཟིན་ནས་རྒྱལ་ཁབ་ཀྱི་ཆུ་དྲ་འཛུགས་སྐྲུན་བྱེད་ཚད་ཕྱོགས་ཡོངས་ནས་མགྱོགས་སུ་ཕྱིན་ཡོད། མིག་སྔར། རང་རྒྱལ་གྱི་རགས་ཆེན་གྱི་རིགས་དང་། རགས་ཆེན་གྱི་གྲངས་ཚད། རགས་མཐོའི་གྲངས་འབོར་སོགས་འཛམ་གླིང་གི་ཨང་དང་པོར་སླེབས་པ་དང་། ཆུ་བེད་ལས་གྲྭའི་ཆུ་མཁོ་འདོན་བྱེད་ནུས་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་9000ལས་བརྒལ་བ། ཆུའི་ཐོན་ཁུངས་བཀོད་སྒྲིག་གི་རྣམ་པ་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་པ། རྒྱལ་ཁབ་ཀྱི་ཆུ་དྲའི་ཕྱོགས་བསྡུས་ཕན་འབྲས་གང་ལེགས་ཐོན་བཞིན་ཡོད་པ་བཅས་རེད།
དྲ་སྦྲེལ་དྲ་གསབ་བྱས་པའི་ཆུ་དྲ་ཞིག་གིས་ཆུའི་ཐོན་ཁུངས་འགན་སྲུང་ནུས་པ་བརྟན་དུ་གཏོང་བ།
ཟླ་4པའི་ཟླ་མཇུག་ཏུ། ཆིང་ཐུང་ཞ་ཞིང་ཆུ་འདྲེན་ཁུལ་གྱི་ཞིང་ཕན་ཆུ་ཡུར་གྱི་ཝང་ཧུང་དུམ་བུ་དེང་རབས་ཅན་གྱི་སྒྱུར་བཀོད་ལེགས་གྲུབ་བྱུང་ཡོད། ཉིང་ཞ་ཡུང་ཉིང་རྫོང་ལི་ཅུན་གྲོང་རྡལ་ཏུང་ཧྥང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཆང་པོས་བསྡུ་ལ་ཉེ་བའི་གྲོ་ཞིང་ལ་བལྟ་བཞིན“དཔྱིད་གྲོ་ཟླ་3པར་བཏབ་རྗེས་ཆུ་ཐེངས་བཞི་བཏང་བ་དང་ཆུ་ཐེངས་དང་པོ་དེ་ན་ནིང་ལས་ཉིན་5ཡིས་སྔ་བ་ཡོད། གསར་དུ་བསྐྲུན་པའི་ཆུ་ལམ་བརྒྱུད་རྨ་ཆུ་རྒྱུག་མགྱོཌ་པ་དང་ཆུ་ཁ་མཐོ་བས། ཆུ་འཐེན་བདེ་པོ་ཡོད་སྟབས་ཟླ་7ཚེས་10ཡས་མས་སུ་དཔྱིད་གྲོ་བསྡུ་འགོ་ཚུགས་ནས་སྔོན་དཔག་བྱས་ན་མུའུ་རེར་ཆ་སྙོམས་ཐོན་འཕར་རྒྱ་མ་50ཡོང་རྒྱུ་རེད”ཅེས་བཤད།
རྒྱལ་ཡོངས་ཆུ་བེད་ཁྱབ་ཁོངས་ཀྱི“གཙོ་གནད་གཉིས” ཀྱི་མཚོན་རྟགས་རང་བཞིན་གྱི་ལས་གྲྭ་ཞིག་ཡིན་པའི་ཆིང་ཐུང་ཞ་ཞིང་ཆུ་འདྲེན་ཁུལ་གྱི་དེང་རབས་ཅན་གྱི་སྒྱུར་བཀོད་ལས་གྲྭར་བསྡོམས་སྒོར་དུང་ཕྱུར་70ཙམ་བཏང་ཡོད། ལས་གྲྭ་བསྐྲུན་རྗེས། ལོ་2000ལྷག་ཙམ་གྱི་རྨ་ཆུའི་ཆུ་འདྲེན་གྱི་ལོ་རྒྱུས་ལྡན་པའི་གནའ་བོའི་ཞིང་ཆུ་འདྲེན་ཁུལ་དེའི་ཆུ་འདྲེན་ནུས་པ་ཇེ་ལེགས་སུ་འགྲོ་རྒྱུ་རེད།
2024ལོར། ཀྲུང་དབྱང་གིས་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ནས་ཞིང་ཆུ་འདྲེན་ཁུལ་1000ལྷག་ཙམ་གྱི་དེང་རབས་ཅན་འཛུགས་སྐྲུན་དང་སྒྱུར་བཀོད་ལ་རྒྱབ་སྐྱོར་བྱས་པར། མིག་སྔར་རྒྱལ་ཡོངས་ཀྱི་རྨོ་ཞིང་གི་ཞིང་ཆུ་འདྲེན་ཁྱོན་མུའུ་དུང་ཕྱུར་10.8ལྷག་ཙམ་བར་མང་དུ་སོང་ཡོད། ད་ཆ་ཆུ་མཛོད་ཀྱི་རགས་ཆེན་ཁྲི་9.5ཙམ་ཡོད་པ་དང་ཆུ་མཛོད་ཀྱི་ཤོང་ཚད་བསྡོམས་འབོར་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་ཁྲི་1ཙམ་ཟིན་ཡོད། ཆུ་བེད་ལས་གྲྭ་ཚང་མར་ཆུ་ལོག་སྔོན་འགོག་བདེ་འཇགས་དང་། ཆུ་མཁོ་འདོན་བདེ་འཇགས། འབྲུ་རིགས་བདེ་འཇགས། སྐྱེ་ཁམས་བདེ་འཇགས་བཅས་ལྡན་པར་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་ཡོད།
མ་འཇོག་མང་གཏོང་གིས་ལས་ཞུགས་བརྟན་པོ་ཡོང་བར་བྱས་ཏེ། ཆུ་དྲ་ཞིག་གི་ནང་མཁོའི་མངོན་མེད་སྟོབས་ཤུགས་མགྱོགས་མྱུར་འདོན་བཞིན་ཡོད།
ཆུ་མཛོད་སྐྲུན་པའི་ཐོག་མའི་ལས་དོན་ལེགས་གྲུབ་ཟིན་པ་དང་ཆུ་རགས་གཡས་གཡོན་བསྔོགས་པ་བརྒྱུད། ཀྲེ་ཅང་ཧྲའོ་ཤིན་གྲོང་ཁྱེར་དུ་གནས་པའི་ཅིང་ལིང་ཆུ་མཛོད་འཛུགས་སྐྲུན་གྱི་མྱུར་ཚད་རྒྱུན་ཆད་མེད་པར་མགྱོགས་སུ་ཕྱིན་ཡོད།
མ་དངུལ་སྒོར་དུང་ཕྱུར་123ཇི་ལྟར་གཏོང་དགོས་སམ། “ཕྱོགས་གཉིས་ནས་ཤུགས་སྣོན་བརྒྱབ་སྟེ་མ་འཇོག་དང་མ་རྩ་བསྡུ་སྒྲིལ་གྱི་ལམ་སྲོལ་གསར་གཏོད་བྱེད་དགོས” ཅིང་ལིང་ཆུ་མཛོད་འཛུགས་སྐྲུན་འཁོར་སྐྱོད་ལྟེ་གནས་འཆར་གཞི་དང་ནོར་དོན་ཁྲུའུ་ཡི་འགན་འཁུར་བ་ཝུའེ་ཆང་ཧྭ་ཡིས་ཆུ་བེད་ཀྱི་རྨང་གཞིའི་སྒྲིག་བཀོད་ཀྱི་གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་ཡིད་རྟོན་མངག་བཅོལ་ཐེབས་རྩ་དང་པོ་སྤྱད་དེ། བསྐྲུན་ཟིན་པའི་ཐང་ཕུའུ་ཆུ་མཛོད་ཕན་སྒྱུར་བྱས་ནས་ཅིང་ལིང་ཆུ་མཛོད་ལ་མ་དངུལ་སྒོར་དུང་ཕྱུར་7.64བཏང་བ་རེད། སྲིད་གཞུང་དང་ཁྲོམ་ར་སྤྱི་འདོམས་བྱས་ཏེ། དམངས་གཉེར་ཁེ་ལས་ཀྲེ་ཅང་ཆུ་དོན་མ་རྐང་གིས་ཨར་ལས་ཀྱི་འགན་འཁུར་རྒྱུ་དང་ནོར་སྲིད་མ་དངུལ་དང་། དངུལ་རྩའི་ཡིད་རྟོན་དངུལ་བུན། སྤྱི་ཚོགས་མ་རྩ་བཅས་ཀྱིས་མཉམ་དུ་ཤུགས་རྒྱག་རྒྱུ་རེད་ཅེས་བཤད།
གཙོ་གནད་ཆུ་ཁུངས་ལས་གྲྭ་དང་ཞིང་ཆུ་འདྲེན་ཁུལ་ཆེ་གྲས་སོགས“གཙོ་གནད་གཉིས”འཛུགས་སྐྲུན་གྱི་ཆུ་བེད་རྣམ་གྲངས་ཁག་གཅིག་ལ་དམངས་གཉེར་མ་རྩ་བཏང་ཡོད། ད་ལོའི་ཟླ་བ་དང་པོ་ནས་ལྔ་པའི་བར། རྒྱལ་ཡོངས་ཀྱི་ཆུ་བེད་འཛུགས་སྐྲུན་གྱིས་སྤྱི་ཚོགས་ཀྱི་མ་རྩ་སྒོར་དུང་ཕྱུར་674.4བཏང་བའི་ནང་དམངས་གཉེར་མ་རྩ་སྒོར་དུང་ཕྱུར་45.5ཡོད་པ་རེད། ཚོད་རྩིས་བརྒྱབ་པར་གཞིགས་ན། ཆུ་བེད་ཀྱི་ལས་གྲྭ་གལ་ཆེན་ལ་མ་དངུལ་སྒོར་དུང་ཕྱུར་1000རེ་གཏོང་རིམ་བཞིན་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་བརྒྱ་ཆའི་གྲངས་0.15འཕར་བར་སྐུལ་ཁྲིད་ཐུབ་ཀྱི་ཡོད།
ཀྲེ་ཅང་ཡུས་ཡའོ་ཡི་ལུའུ་དབྱིན་ཅང་ངལ་ནུས་གླ་པར་བསྡུས་པ་བརྒྱུད། ཅིང་ལིང་ཆུ་མཛོད་ཨར་ལས་ས་ཚིགས་ཀྱི་བདེ་འཇགས་རོགས་རམ་དོ་དམ་པར་གྱུར་ཡོད། ཁོང་གིས“འདི་གར་ལས་ཀ་བརྟན་པོ་ཡོད་པ་དང་དུས་བཀག་བཞིན་རྩལ་ནུས་གསོ་སྦྱོང་ཡང་བྱེད་ཀྱི་འདུག”ཅེས་བཤད། ཆུ་བེད་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱིས་ལས་ཞུགས་བརྟན་པོ་ཡོང་བར་བྱེད་པའི་ནུས་པ་མུ་མཐུད་བཏོན་ཏེ་ད་ལོའི་ཟླ་བ་དང་པོ་ནས་ལྔ་པའི་བར་རྒྱལ་ཡོངས་ཀྱི་ཆུ་བེད་འཛུགས་སྐྲུན་གྱིས་མི་ཁྲི་112ལས་ཀར་བསྡུས་ཡོད།
ཕན་ཚུན་སྦྲེལ་མཐུད་བྱས་པའི་ཆུ་དྲ་ཞིག་གིས་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན་ལ་རམ་འདེགས་བྱེད་པ།
ཨན་ཧུའེ་ཧོ་ཧྥེའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་དུ་གནས་པའི་ཕའེ་ཧོ་གྲུ་ཁ་ནི་འབྲི་ཆུ་དང་ཧོའོ་ཧོ་གཙང་པོ་འབབ་རྒྱུད་ཀྱི་མིས་བཟོས་གཙང་པོའི་ཐོག་གི་དོས་སྒམ་གྲུ་ཁ་ཐོག་མ་དེ་རེད།
འབྲི་ཆུ་དང་ཧོའེ་ཧོ་གཙང་པོ་འབབ་རྒྱུད་ཀྱི་མིས་བཟོས་གཙང་པོ་ནི་འབྲི་ཆུ་དང་ཧོའེ་ཧོ་གཙང་པོར་འདྲེན་པའི་ལས་གྲྭའི་གྲུབ་ཆ་གལ་ཆེན་ཞིག་རེད། ཨན་ཧུའེ་གྲུ་ཁའི་ཟོག་འགྲེམས་ཚད་ཡོད་ཀུང་སིའི་ཕའེ་ཧོ་གྲུ་ཁའི་འཁོར་སྐྱོད་བཀོལ་སྤྱོད་པུའི་འགན་འཁུར་བ་ཧའོ་མའོ་ལིན་གྱིས། “ཕའེ་ཧོ་གྲུ་ཁ་ལྟེ་བར་བྱས་ཏེ་ཚངས་ཕྱེད་སྤྱི་ལེ་5ཡི་ཁྱབ་ཁོངས་སུ་འབྲི་ཆུ་དང་ཧོའེ་ཧོ་གཙང་པོའི་རླངས་འཁོར་གྱི་གྲུ་ཁ་གསར་པའི་རྟེན་གཞི་དང་། ཝུའེ་ལའེ་རླངས་འཁོར་རྟེན་གཞི། ཏ་ཀྲུང་ནུས་རྒྱུ་གསར་པའི་རླངས་འཁོར་རྟེན་གཞི་བཅས་རླངས་འཁོར་ཧྲིལ་པོའི་རྟེན་གཞི་ཁག་གསུམ་བཀོད་སྒྲིག་བྱས་ཡོད”ཅེས་ངོ་སྤྲོད་བྱས།
ཆུ་དྲ་དེ་ཉིད་གློག་དྲ་དང་། ལམ་དྲ། མཚོ་ཐོག་སྐྱེལ་འདྲེན་དྲ་བ་སོགས་རྨང་གཞིའི་སྒྲིག་བཀོད་དང་ཕན་ཚུན་སྦྲེལ་མཐུད་བྱས་ཏེ། ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་ལ་ཆུའི་གྲུབ་ཆ་གཙོ་བོའི་འདེགས་སྐྱོར་ནུས་ལྡན་བྱེད་ཀྱི་ཡོད།