དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • མི་རིགས་ཡོངས་ཀྱི་རི་འགོག་དམག་འཁྲུག་ལངས་ནས་ལོ་ངོ་88འཁོར་བར་དྲན་གསོ་ཞུ་བའི་མཛད་སྒོ་དང《མི་རིགས་བཅིངས་འགྲོལ་དང་འཛམ་གླིང་ཞི་བདེའི་ཆེད》བརྗོད་དོན་གཙོ་བོའི་འགྲེམས་སྟོན་གྱི་འགོ་ཚུགས་མཛད་སྒོ་པེ་ཅིང་དུ་འཚོགས་པ།

    ཚའེ་ཆི་ཞུགས་ནས་གསུང་བཤད་གནང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-07-09

    ཚེས་7ཉིན་གྱི་སྔ་དྲོར། མི་རིགས་ཡོངས་ཀྱི་རི་འགོག་དམག་འཁྲུག་ལངས་ནས་ལོ་ངོ་88འཁོར་བར་དྲན་གསོ་ཞུ་བའི་མཛད་སྒོ་དང《མི་རིགས་བཅིངས་འགྲོལ་དང་འཛམ་གླིང་ཞི་བདེའི་ཆེད》ཅེས་པའི་བརྗོད་དོན་གཙོ་བོའི་འགྲེམས་སྟོན་གྱི་འགོ་ཚུགས་མཛད་སྒོ་ཀྲུང་གོ་མི་དམངས་རི་འགོག་དམག་འཁྲུག་དྲན་གསོ་ཁང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཚའེ་ཆིས་གསུང་བཤད་གནང་བ་དང་འབྲེལ་འགྲེམས་སྟོན་འགོ་ཚུགས་པའི་ཁྱབ་བསྒྲགས་ཀྱང་གནང་བ་རེད།

    པེ་ཅིང་ལུའུ་ཀོའུ་ཟམ་པའི་འགྲམ་གྱི་ཀྲུང་གོ་མི་དམངས་རི་འགོག་དམག་འཁྲུག་དྲན་གསོ་ཁང་དེ་བས་བརྗིད་ཉམས་ལྡན། སྔ་དྲོའི་ཆུ་ཚོད་9པར་མཛད་སྒོ་འགོ་ཚུགས་ཤིང་། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་དམག་དཔུང་རོལ་ཆ་རུ་ཁག་གིས《བློས་བླངས་དམག་གི་མདུན་སྐྱོད་གླུ་གཞས》ཀྱི་རོལ་དབྱངས་དཀྲོལ་སྐབས་ཚོགས་ར་ཡོངས་ཀྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་སྐད་གསང་མཐོན་པོས་བླངས་པ་རེད། དེ་རྗེས་ཚོགས་ར་ཡོངས་ཀྱི་མི་སྣ་གུས་སྟབས་ཀྱིས་ལངས་ནས་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་ནང་དཔའ་ངར་ཆེན་པོས་རང་སྲོག་བློས་གཏོང་མཁན་སྔོན་གཤེགས་དཔའ་བོ་ཚོར་ངག་བསྡམས་ནས་མྱ་ངན་ཞུས་པ་རེད།

    ཚའེ་ཆི་ཡིས་གསུངས་དོན། ལོ་ངོ་88གོང་གི་དེ་རིང་། རི་པིན་དམག་རྒྱལ་རིང་ལུགས་ཀྱིས་ཀྲུང་གོ་དང་ཕྱི་རྒྱལ་ཧང་སངས་དགོས་པའི་ལུའུ་ཀོའུ་ཟམ་པའི་དོན་རྐྱེན་རྐང་བཙུགས་ནས་བཟོས་ཏེ་མངོན་སུམ་འཛེམ་མེད་ངང་ཀྲུང་གོར་ཕྱོགས་ཡོངས་ནས་བཙན་འཛུལ་བྱེད་པའི་དམག་འཁྲུག་བསླངས་ཡོད། ཀྲུང་གོའི་དམག་དམངས་ཀྱིས་དཔའ་ངར་ཆེན་པོས་འགོག་རྒོལ་བྱས་ནས་མི་རིགས་ཡོངས་ཀྱི་རི་འགོག་དམག་འཁྲུག་ལངས་པ་མ་ཟད།   འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་གི་ཤར་ཕྱོགས་ཀྱི་གཡུལ་ས་གཙོ་བོ་བཏོད་ཡོད། ཀྲུང་གོ་གུང་ཁྲན་ཏང་གིས་རི་འགོག་དམག་འཁྲུག་གི་གཡུལ་ས་མདུན་མར་དཔའ་ངར་ཆེན་པོས་དམག་འཐབ་བྱས་པ་དང་། ཀྲུང་གོའི་རི་འགོག་དམག་འཁྲུག་གི་མདུན་སྐྱོད་ཁ་ཕྱོགས་ལ་ཁྲིད་སྟོན་བྱས་པར་བརྟེན་མི་རིགས་ཡོངས་ཀྱི་རི་འགོག་དམག་འཁྲུག་གི་སྲོག་ཤིང་ཀ་རྟེན་དུ་གྱུར་པ་དང་། ཀྲུང་ཧྭའི་བུ་ཕྲུག་ཡོངས་ཀྱིས་གཅིག་རྗེས་གཉིས་མཐུད་དང་སེམས་མཐུན་སྟོབས་སྒྲིལ་བྱས་ཏེ་རྒྱལ་ཁབ་ཀྱི་འཚོ་གནས་ཆེད་དུ་འཐབ་འཛིང་དང་། མི་རིགས་བསྐྱར་དར་གྱི་ཆེད་དུ་འཐབ་འཛིང་། མིའི་རིགས་ཀྱི་དྲང་བདེན་ཆེད་དུ་འཐབ་འཛིང་བཅས་བྱས་པར་བརྟེན། ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་ལ་རྒྱལ་ཁ་རླབས་པོ་ཆེ་ཐོབ་པ་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པར་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བའི་སྐབས་སུ། 《མི་རིགས་བཅིངས་འགྲོལ་དང་འཛམ་གླིང་ཞི་བདེའི་ཆེད》ཅེས་པའི་བརྗོད་དོན་གཙོ་བོའི་འགྲེམས་སྟོན་བྱས་ནས། ཀྲུང་གོ་མི་དམངས་ཀྱི་ལོ་14རིང་གི་དཀའ་ཚེགས་ཆེ་བའི་རི་འགོག་དམག་འཁྲུག་གི་འོད་སྟོང་འཕྲོ་བའི་ལོ་རྒྱུས་མངོན་པར་བྱས་ཏེ། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་གསར་བརྗེའི་སྲོལ་རྒྱུན་སློབ་གསོ་སྤེལ་བར་སྟེགས་བུ་གལ་ཆེན་མཁོ་འདོན་བྱས་ཡོད།

    ཚའེ་ཆི་ཡིས་གསུངས་དོན། རྒྱང་ལམ་གསར་པར་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། རི་འགོག་དམག་འཁྲུག་གི་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་ཤུགས་ཆེན་གཏོང་དགོས། བློ་བརྟན་འགྱུར་མེད་ངང་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱས་ཏེ“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་དགོས། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་བཏང་སྟེ། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་དཔའ་ངར་ཆེན་པོས་གསར་འབྱེད་ཡར་བརྩོན་བྱེད་དགོས། བློ་བརྟན་འགྱུར་མེད་ངང་ཀྲུང་ཧྭའི་བུ་ཕྲུག་གི་མཐུན་སྒྲིལ་ཆེན་པོར་ཤུགས་སྣོན་བརྒྱབ་སྟེ། མི་རིགས་བསྐྱར་དར་གྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་གཏོད་དགོས། བློ་བརྟན་འགྱུར་མེད་ངང་མིའི་རིགས་ཀྱི་ཞི་བདེ་དང་དྲང་བདེན་བྱ་གཞག་སྲུང་སྐྱོང་བྱས་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་དགོས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར། གདེང་ཚོད་བརྟན་གཏོང་དང་དཔའ་ངར་ཆེན་པོས་མདུན་སྐྱོད་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་འབད་འཐབ་ཧུར་ཐག་བྱེད་པ་དང་། མིའི་རིགས་ཀྱི་ཞི་བདེ་དང་འཕེལ་རྒྱས་ཀྱི་བླ་ན་མེད་པའི་བྱ་གཞག་ལ་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།