ཀྲུང་ལའི་ལྗང་མདོག་འབྱུང་འགྱུར་དང་ཤེས་དཔལ་དཔྱད་གཞིར་འཛིན་པའི་རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུ་སྐབས་གསུམ་པ་པར་ཙིར་དུ་འཚོགས་པ།
འདི་ནི་པར་ཙིར་གྱི་མེ་ལི་ཧྲན་དུས་ཐེངས་དང་པོའི་ཆེས་མཐོ་གནོན་གྱི་གློག་གཏོང་རྣམ་གྲངས་ཡིན་པ། རྒྱལ་ཁབ་གློག་དྲ་པར་ཙིར་མ་རྐང་ཚོད་འཛིན་ཀུང་སིས་པར་རིས་མཁོ་འདོན་བྱས་པ།
ས་གནས་དེ་གའི་དུས་ཚོད་ཟླ་7ཚེས་4ཉིན། པར་ཙིར་གྱི་གྲོང་ཁྱེར་ལི་གཡོད་རེ་ནེ་ལུའུ་ཡི་ཀྭ་ན་པཱ་ལ་མཚོ་ཁུག་འགྲམ་དུ་ཀྲུང་ལའི་ལྗང་མདོག་འབྱུང་འགྱུར་དང་ཤེས་དཔལ་དཔྱད་གཞིར་འཛིན་པའི་རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུ་སྐབས་གསུམ་པ་གྲོང་ཁྱེར་ལི་གཡོད་རེ་ནེ་ལུའུ་རྒྱལ་ཕྲན་མཉམ་འབྲེལ་སློབ་ཆེན་ཚན་རིག་དང་རིག་གནས་གླེང་སྟེགས་ཐོག་བརྩེགས་ཁང་ཆེན་དུ་འཚོགས་ཤིང་། ཐེངས་འདིའི་བགྲོ་གླེང་ཚོགས་འདུ་ནི་ཀྲུང་གོའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་དང་། པར་ཙིར་ལི་གཡོད་རེ་ནེ་ལུའུ་རྒྱལ་ཕྲན་མཉམ་འབྲེལ་སློབ་ཆེན། པར་ཙིར་སྨི་ནཱ་སི་ཅི་ལ་སི་རྒྱལ་ཕྲན་མཉམ་འབྲེལ་སློབ་ཆེན། ཀྲུང་གོ་མི་དམངས་སློབ་ཆེན། མཉམ་འབྲེལ་རྒྱལ་ཚོགས་ཁོར་ཡུག་འཆར་འགོད་ཧྲུའུ་བཅས་ཀྱིས་མཉམ་དུ་གཙོ་གཉེར་བྱས་པ་ཞིག་རེད། ཀྲུང་གོ་དང་། པར་ཙིར། ཨ་ཀེན་ཐིན། ཁོ་སི་ཐ་རི་ཁ། ཕེ་རུ་སོགས་རྒྱལ་ཁབ་ཀྱི་རིགས་གཅིག་མཁས་ཅན་དང་མཁས་དབང་བརྒྱ་ལྷག་ཙམ་མཉམ་དུ་འཛོམས་ནས“ལྗང་མདོག་འཕེལ་རྒྱས་དང་ཤེས་དཔལ་མཉམ་སྤྱོད—ཀྲུང་ལའི་མཉམ་ལས་ཀྱི་གོ་སྐབས་གསར་པའི”བརྗོད་དོན་གཙོ་བོར་དམིགས་ནས་གླེང་མོལ་བྱས་ཏེ་ཀྲུང་ལ་ལག་གདང་སྦྲེལ་ནས་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། མི་དང་རང་བྱུང་ཁམས་ཀྱི་ཚེ་སྲོག་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་བསམ་ཕྱོགས་དང་ཐབས་ལམ་གསར་པ་འཚོལ་ཞིབ་བྱས་ཡོད།
“ཀྲུང་གོས་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་མིག་དཔེ་བཏོན་ཡོད”
“‘གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་དེ་བས་བསྟུན་མཁས་དང་རྒྱུན་མཐུད་ཆོག་པའི་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ’བརྗོད་དོན་གཙོ་བོར་བྱས་པའི་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་ཞལ་འཛོམས་ཐེངས་བཅུ་བདུན་པ་གྲོང་ཁྱེར་ལི་གཡོད་རེ་ནེ་ལུའུ་རུ་གནང་བ་དང་། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ཀྱིས་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད‘ལྷོ་ཕྱོགས་ཀྱི་འགན་འཁྲི’འཁུར་སེམས་དེ་བས་མང་བ་མངོན་པར་བྱེད་ཆོག”ཅེས་ལི་གཡོད་རེ་ནེ་ལུའུ་རྒྱལ་ཕྲན་མཉམ་འབྲེལ་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་དང་པར་ཙིར་ཁོར་ཡུག་དང་གནམ་གཤིས་འགྱུར་ལྡོག་པུའི་པུའུ་ཀྲང་གཞོན་པ་ཟུར་པ་ཨ་སི་ཕཱ་ཤིས་ཡ·ཁཱ་མཱ་ཀེས་བརྗོད་པ་དང་། ཁོང་གིས“ཀྲུང་གོས་ལྗང་མདོག་ལག་རྩལ་དང་མི་ཐབས་རིག་ནུས་དག་ཁོར་ཡུག་བཅོས་སྐྱོང་ཁྲོད་སྤྱད་དེ་གྲངས་འཛིན་ཅན་དང་ལྗང་མདོག་ཅན་མཉམ་འདྲེས་ལ་སྐུལ་འདེད་གཏོང་བར་རྩ་ཆེའི་ཉམས་མྱོང་གསོག་འཇོག་བྱས་པ་དེ་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཁྱབ་ཁོངས་ཀྱི་དཔེ་མཚོན་ཞིག་རེད་ཅེས་བརྗོད་ཆོག གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་ཁོངས་མི་གལ་ཆེན་ཡིན་པའི་ལ་ཏིང་མེ་གླིང་གི་རྒྱལ་ཁབ་ཁག་དང་ཀྲུང་གོས་མུ་མཐུད་མཉམ་ལས་ཟབ་ཏུ་བཏང་ནས་གོ་ལ་ཧྲིལ་པོའི་སྐྱེ་ཁམས་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་དགོས་ཀྱི་ཡོད”ཅེས་བརྗོད།
“ཀྲུང་གོས་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་མིག་དཔེ་བཏོན་ཡོད། ངས་ཀྲུང་གོར་ལྟ་སྐོར་དང་རྟོག་ཞིབ་བྱེད་སྐབས། ཀྲུང་གོའི་རིག་ལྡན་གྲོང་ཁྱེར་དང་། རིག་ལྡན་འགྲིམ་འགྲུལ། རིག་ལྡན་ནུས་རྒྱུ་སོགས་ཀྱི་རྣམ་གྲངས་ཚང་མར་ཐཱན་ཉུང་དང་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་འདུས་པ་ཤེས་རྟོགས་བྱུང”ཞེས་ཅེར་སེན.རུའུ་ཉི་ཨོར་གྱིས་བརྗོད་པ་དང་། ཁོང་ནི་གྲོང་ཁྱེར་ལི་གཡོད་རེ་ནེ་ལུའུ་ཡི་བློ་འདྲི་ཀུང་སི་ཞིག་གི་བློ་འདྲི་བ་ཡིན་པ་དང་མི་རིང་བའི་གོང་ཀྲུང་གོར་འཚམས་འདྲིར་ཡོང་མྱོང་ཡོད། རུའུ་ཉི་ཨོར་གྱིས་ཀྲུང་གོ་དང་ལ་ཏིང་མེ་གླིང་རྒྱལ་ཁབ་དབར་གྱི་མཉམ་ལས་ནང་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་ཁྱབ་ཡོད་ཅེས་བརྗོད།
“ཀྲུང་གོ་དང་མཉམ་ལས་བྱས་པས་པར་ཙིར་གྱིས་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་ཐུབ་པ་དང་ཆབས་ཅིག དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཡང་རོཌ་རམ་ཐུབ་ཡོད”
“ཀྲུང་གོ་ནི་ཡ་མ་སུན་ནགས་ཁྲོད་ཀྱི་དམིགས་བསལ་དུ་ཡོད་པའི་དཔལ་འབྱོར་སྐྱེ་དངོས་ཕྱིར་གཏོང་བྱ་ཡུལ་གལ་ཆེན་ཞིག་ཡིན་པ་དང་། ཀྲུང་གོ་དང་མཉམ་ལས་བྱས་པས་པར་ཙིར་གྱིས་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་ཐུབ་པ་དང་ཆབས་ཅིག་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཡང་རོགས་རམ་ཐུབ་ཡོད”ཅེས་སྨི་ན་སི་ཅི་ལ་སི་རྒྱལ་ཕྲན་མཉམ་འབྲེལ་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་སུའོ་ཉི་ཡ·ལི་པེ་ལུའོ་ཡིས་བརྗོད་པ་དང་། ཁོང་གི་ཞིབ་འཇུག་དེ་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འབྲེལ་བར་དམིགས་ཡོད། ཁོང་གིས་ཀྲུང་གོས་དབུལ་སྐྱོར་གསར་སྤེལ་དང་སྐྱེ་ཁམས་སྲུང་སྐྱོང་ཟུང་འབྲེལ་བྱས་པར་ཕན་འབྲས་བཟང་པོ་ཐོན་པ་དང་། ཀྲུང་གོའི་འདུ་ཤེས་དེ་པར་ཙིར་གྱིས་དཔྱད་གཞིར་འཛིན་རིན་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད།
“པར་ཙིར་དང་ཀྲུང་གོ་རྒྱལ་ཁབ་གཉིས་པོས་གཞི་ཁྱོན་ཆེ་བའི་རང་བྱུང་སྲུང་སྐྱོང་ཁུལ་བཙུགས་ཡོད། ཇི་ལྟར་བྱས་ནས་རང་བྱུང་ཐོན་ཁུངས་རྒྱུན་མཐུད་ཆོག་པའི་བེད་སྤྱོད་གཏོང་བར་འགན་ལེན་བྱེད་པ་དེ་རྒྱལ་ཁབ་གཉིས་པོར་ཐུན་མོང་ཐོག་འཕྲད་པའི་གནད་དོན་ཞིག་ཡིན”ཞེས་མཉམ་འབྲེལ་རྒྱལ་ཚོགས་ཁོར་ཡུག་འཆར་འགོད་ཧྲུའུ་ཡི་བློ་འདྲི་བ་ཅེ་དབྱི·ཨ་མུའུ་སི་ཐེར་གྱིས་གསར་འགོད་པར་བརྗོད་པ་དང་། ཁོང་གིས། སའི་གོ་ལའི་ཐོན་ཁུངས་ཀྱི་སྲུང་སྐར་མཉམ་ལས་བརྒྱུད། པར་ཀྲུང་རྒྱལ་ཁབ་གཉིས་པོར་ནགས་ཚལ་སྲུང་སྐྱོང་དང་གནམ་གཤིས་འགྱུར་ལྡོག་ལྟ་ཞིབ་ཚད་ལེན་སོགས་ཁྱབ་ཁོངས་སུ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད་ཅེས་བརྗོད། སྐྱེ་དངོས་ཞིབ་འཇུག་སོགས་ཀྱི་ཐད་ཀྲུང་གོ་སྔོན་ཐོན་ཆུ་ཚད་དུ་སླེབས་པ་དང་པར་ཀྲུང་མཉམ་ལས་ཀྱིས་ཡ་མ་སུན་གྱི་ནགས་ཁྲོད་སྐྱེ་ཁམས་མ་ལག་སྲུང་སྐྱོང་ཐུབ་པ་དང་ཆབས་ཅིག ས་གནས་དེ་གའི་དཔལ་འབྱོར་དེ་བས་འཕེལ་རྒྱས་འགྲོ་བར་རམ་འདེགས་ཐུབ་ཡོད་ཅེས་བརྗོད།
“ལ་ཀྲུང་མཉམ་ལས་ཀྱིས་གོ་ལ་ཧྲིལ་པོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་རམ་འདེགས་ཐུབ་ཀྱི་ཡོད”
མི་རིང་བའི་གོང་པར་ཙིར་དབུས་རྒྱུད་ཀྱི་ཀེ་ཡ་སི་ཀྲོའུ་ཞིར་ཝ་ཉི་ཡ་གྲོང་ཁྱེར་དུ་ཀྲུང་པར་རྒྱལ་ཁབ་གཉིས་པོའི་མི་སྣས་ཕྱོགས་གཉིས་པོའི་ནུས་རྒྱུའི་མཉམ་ལས་ཀྱི་འཕེལ་རྒྱས་གསར་པ་གཞན་ཞིག་སྟེ། ཀྲུང་གོ་རྒྱལ་ཁབ་གློག་དྲ་པར་ཙིར་མ་རྐང་ཚོད་འཛིན་ཀུང་སིའི་ཞིར་ཝ་ཉི་ཡ་གློག་རྒྱུན་བསྒྱུར་ཚིགས་ལས་འགོ་ཚུགས་པར་མཉམ་དུ་དཔང་པོ་བྱས་ཡོད། རྣམ་གྲངས་དེའི་རིང་ཚད་ལ་སྤྱི་ལེ་1468ཡོད་པ་དང་། རྣམ་གྲངས་བསྐྲུན་རྗེས་པར་ཙིར་བྱང་ཤར་རྒྱུད་ཀྱི་རླུང་གློག་དང་ཉི་ནུས་སོགས་ཀྱི་པར་ཙིར་གྱི་རྒྱལ་ས་པ་ཞི་ལི་ཡའི་ཉེ་འགྲམ་ས་ཁུལ་དུ་གློག་གཏོང་ཐུབ་རྒྱུ་ཡིན་པ་དེ་པར་ཙིར་གྱི་ནུས་རྒྱུའི་བདེ་འཇགས་དང་ནུས་རྒྱུ་ཕྱོགས་སྒྱུར་གྱི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད།
“སྲིད་གཞུང་དང་ཁེ་ལས་དབར་མཉམ་ལས་དམ་ཟབ་བྱེད་པ་དེ་ཀྲུང་གོས་ནུས་རྒྱུ་ཕྱོགས་སྒྱུར་དང་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འགག་རྩ་ཡིན”ཞེས་ཧྲང་ཧའེ་ཕྱི་རྒྱལ་སྐད་ཡིག་ སློབ་ཆེན་རྒྱལ་སྤྱིའི་འབྲེལ་བ་དང་སྤྱི་པའི་ལས་དོན་སློབ་གླིང་གི་དགེ་རྒན་ཆེ་མོ་བ་གཞོན་པ་ཧྲེང་ཁྲུན་ཧུང་གིས་བརྗོད་པ་དང་། ཁོང་གིས། ཕྱོགས་གཅིག་ནས་ཀྲུང་གོ་སྲིད་གཞུང་གིས་ལྗང་མདོག་འཕེལ་རྒྱས་སྲིད་ཇུས་ཀྱི་ཁྲིད་སྟོན་འོག ལྗང་མདོག་ཐཱན་ཉུང་དང་འབྲེལ་བ་ཡོད་པའི་བཟོ་སྐྲུན་ལས་རིགས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་དང་། ཕྱོགས་གཞན་ཞིག་ནས་ཁེ་ལས་ཀྱིས་ལག་རྩལ་གསར་སྒྱུར་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ་དེ་བས་འགྲན་རྩོད་བྱེད་ནུས་ལྡན་པའི་ལྗང་མདོག་ཐཱན་ཉུང་ཐོན་རྫས་རྒྱུན་ཆད་མེད་པར་བཏོན་ནས་བསྐྱར་སྐྱེས་ཆོག་པའི་ནུས་རྒྱུའི་ཐོན་རྫས་ཁྱིམ་ཚང་ཁྲི་སྟོང་མང་པོར་ཁྱབ་པ་དང་། ཕྱོགས་མང་པོས་སྟོབས་ཤུགས་གཅིག་སྒྲིལ་གྱིས་ཀྲུང་གོའི་ནུས་རྒྱུ་ཕྱོགས་སྒྱུར་གྱི་འཕེལ་རིམ་ལ་མཉམ་དུ་སྐུལ་འདེད་གཏོང་རྒྱུ་རེད་ཅེས་བརྗོད།
ཉེ་བའི་ལོ་ཤས་རིང་། ཀྲུང་ལའི་དབར་གྱི་ནུས་རྒྱུ་ཕྱོགས་སྒྱུར་མཉམ་ལས་བྱེད་ཤུགས་རྒྱུན་མཐུད་ཆེ་རུ་ཕྱིན་པ་དེ་གློག་གཏོང་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། ནུས་རྒྱུ་གསར་པའི་རྣམ་གྲངས་མ་འཇོག གློག་སྒུལ་རླངས་འཁོར་ཐོན་སྐྱེད་སོགས་ཁྱབ་ཁོངས་མང་པོར་ཁྱབ་ཡོད། ཚོགས་ཞུགས་རིགས་གཅིག་མཁས་ཅན་གྱིས། ཀྲུང་གོས་གོ་ལ་ཧྲིལ་པོའི་ནུས་རྒྱུ་ཕྱོགས་སྒྱུར་འཕེལ་རིམ་ནང་སྣེ་ཁྲིད་ཀྱི་ནུས་པ་འདོན་བཞིན་ཡོད་པས་ལ་ཏིང་མེ་གླིང་རྒྱལ་ཁབ་ཀྱིས་ཀྲུང་གོ་དང་ལྗང་མདོག་ཚན་རྩལ་དང་ནུས་རྒྱུ་གསར་པ་སོགས་ཐད་ཀྱི་མཉམ་ལས་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ་གཉིས་ཁེ་གཉིས་ཕན་ཡོང་བའི་རེ་བ་བྱེད་ཀྱི་ཡོད་ཅེས་བརྗོད།