དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “མོ་རོ་ཁོ་དང་ཀྲུང་གོའི་ཐུན་མོང་འཕེལ་རྒྱས་ལ་གོ་སྐབས་ཀྱི་ཟམ་པ་བསྐྲུན་པ”

    མོ་རོ་ཁོའི་དཔལ་འབྱོར་དང་ནོར་སྲིད་བློན་ཆེན་ཟུར་པ་ཝ་ལཱ་ལུའུ་ལ་བཅར་འདྲི་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཧོང་ཕེ་ཀྲའོ།   |     སྤེལ་དུས།  2025-07-09

    མོ་རོ་ཁོའི་དཔལ་འབྱོར་དང་ནོར་སྲིད་བློན་ཆེན་ཟུར་པ་ཧྥ་ཐ་ལཱ·ཝ་ལཱ་ལུའུ་ཡི་དཔེ་ཁང་དུ་འཛུལ་སྐབས་རིག་གནས་ས་ཚིགས་ཤིག་ཏུ་སླེབས་པ་དང་གཉིས་སུ་མ་མཆིས། མེ་ཏོག་གི་བརྐོས་བརྒྱབ་པའི་ཤིང་སྒྲོམ་ཐོག་ཀྲུང་གོའི་རླུང་གཡབ་ལྟེབ་མ་དང་། དཀར་སྡེར་ལྗང་ཁུ། མོ་རོ་ཁོའི་ཟངས་ཀྱི་གློག་སྒྲོན་བཅས་བསྒྲིགས་ཡོད་པ་དང་། དཔེ་སྒྲོམ་ནང་དུ《ཁུང་ཙིའི་གསུང་སྒྲོས》ཀྱི་ཨ་རབ་ཡི་གེའི་འགྱུར་མ་དང་2017ལོར་པར་སྐྲུན་བྱས་པའི་ཁོང་གི་བརྩམས་ཆོས《ང་ཚོ་དང་ཀྲུང་གོ》ཞེས་པ་བཞག་ཡོད་པ་མ་ཟད། ད་དུང་ཁོང་ལ་ཐོབ་པའི་སྐབས་བཅུ་གཉིས་པའི“ཀྲུང་ཧྭ་དཔེ་དེབ་ཀྱི་དམིགས་བསལ་ལེགས་སྐྱེས་བྱ་དགའི”ལག་ཁྱེར་ཡང་ཡོད་པ་རེད།

    ཝ་ལཱ་ལུའུ་ཡིས་གསར་འགོད་པར་ཁོང་ལ་འབྱོར་བའི་ལག་རྟགས་ཤིག་སྟེ་སུའུ་ཀྲོའུ་ཡི་འཚེམ་དྲུབ་རླུང་གཡབ་ཅིག་བསྟན་བྱུང་། རླུང་གཡབ་ཐོག་རྔ་མོང་དང་གཡོར་གྲུ་ལས་གྲུབ་པའི་དར་གོས་ལམ་བུའི་རི་མོ་ཕར་ཆིན་བརྒྱབ་ཡོད་པ་རེད། ཁོང་གིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་བཏོན་པ་ནས་བཟུང་། མཉམ་སྐྲུན་རྒྱལ་ཁབ་ལ་འཕེལ་རྒྱས་ཀྱི་གོ་སྐབས་མང་པོ་བཏོད་ཡོད། ཨ་ཧྥེ་རི་ཁའི་བྱང་རྒྱུད་ས་ཁུལ་གྱིས་ཀྲུང་གོ་དང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་འཆར་འགོད་ལ་མིང་རྟགས་འགོད་མཁན་རྒྱལ་ཁབ་ཐོག་མ་ཡིན་པའི་མོ་རོ་ཁོ་ཡིས་གྲོས་འགོ་གལ་ཆེན་དེ་རྒྱལ་ཁབ་ཀྱི་འཕེལ་རྒྱས་དམིགས་ཚད་མངོན་འགྱུར་དང་། སྣ་མང་ཅན་གྱི་མཉམ་ལས་རོགས་ཟླའི་འབྲེལ་བ་རྒྱ་སྐྱེད། མོ་ཀྲུང་འཐབ་ཇུས་རོགས་ཟླའི་འབྲེལ་བ་ཟབ་ཏུ་གཏོང་བ་བཅས་ཀྱི་གོ་སྐབས་གལ་ཆེན་ཞིག་ཏུ་བརྩི་གི་ཡོད། “‘རྒྱུད་གཅིག་ལམ་གཅིག’མཉམ་སྐྲུན་བྱས་ནས་མོ་རོ་ཁོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་བསྣན་པ་དང་། མོ་ཀྲུང་ཐུན་མོང་འཕེལ་རྒྱས་ལ་གོ་སྐབས་ཀྱི་ཟམ་པ་བསྐྲུན་ཡོད”ཅེས་ཝ་ལཱ་ལུའུ་ཡིས་བརྗོད།

    ཝ་ལཱ་ལུའུ་ཡིས་དུས་ཡུན་རིང་པོའི་ནང་ཀྲུང་གོ་དང་མོ་རོ་ཁོ་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་འབྲེལ་བར་ཞིབ་འཇུག་བྱེད་བཞིན་ཡོད། ཁོང་གིས་2024ལོའི་ཟླ་བ་དང་པོར་པར་སྐྲུན་བྱས་པའི་ཁོང་གི《འཛམ་གླིང་གསུམ་པ་ནས་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་བར》ཞེས་པའི་དཔེ་དེབ་དེའི་ནང་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་ཆེན་པོར་དཔྱད་བསྡུར་གཏིང་ཟབ་བྱས་པ་མ་ཟད། ཀྲུང་གོས་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་དར་རྒྱས་ཀྱི་བརྒྱུད་རིམ་ཁྲོད་ནུས་པ་གལ་ཆེན་བཏོན་པར་ཚད་མཐོའི་གདེང་འཇོག་ཀྱང་བྱས་ཡོད།

    ཝ་ལཱ་ལུའུ་ཡིས་ཤུར་ཅོག་ནང་ནས་ཚོས་གཞི་ཉམས་པའི་འདྲ་པར་ཁ་ཤས་བླངས་ནས་གསར་འགོད་པར་བསྟན་པ་དེའི་ནང་2002ལོར་ཁོང་གིས་མོ་རོ་ཁོའི་རྒྱལ་པོ་མུའུ་ཧན་མོ་ཏེ་ཁྲི་ཐོག་དྲུག་པ་ཀྲུང་གོར་འཚམས་འདྲིར་བསྐྱོད་སྐབས་ལྕགས་རི་རིང་པོའི་སྟེང་བརྒྱབ་པའི་དྲན་རྟེན་འདྲ་པར་དང་། 2017ལོར་ཁོང“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་དང་པོར་ཞུགས་སྐབས་ཀྲུང་གོའི་ཁེ་ལས་པ་དང་ངོ་འཕྲད་གྲོས་མོལ་བྱེད་པའི་འདྲ་པར་ཡང་ཡོད་པ་རེད། ཁོང་གིས“ཀྲུང་གོར་འཚམས་འདྲིར་ཡོང་རིམ་བཞིན་ངས་རང་ཉིད་ལ་རྗེས་མར་ཡོང་སྐབས་ས་གཞི་འདིར་སླར་ཡང་ངོ་མཚར་ཆེ་བའི་འགྱུར་ལྡོག་གང་ཞིག་འགྲོ་སྲིད་དམ་ཞེས་འདྲི་བར་འདོད། རང་ཉིད་ཀྲུང་གོའི་ས་གཞི་འདིར་ཡང་བསྐྱར་ཡོང་སྐབས་བསམ་ཡུལ་ལས་འདས་པའི་འཕེལ་རྒྱས་ཀྱི་གཏམ་རྒྱུད་ཐོས་རྒྱུ་ཡོང་བར་ངས་ཐོག་མཐའ་བར་གསུམ་དུ་ཡིད་ཆེས་ཆེན་པོ་བྱེད་ཀྱི་ཡོད”ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།