དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ལྗོངས་ལྷ་རྩེ་རྫོང་གཞིས་ཆེན་ཤང་གི

    བདེ་སྐྱིད་ཁང་བཟང་ནང་བདེ་སྐྱིད་གཏམ་བཟང་གླེང་།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།   ཞུས་ཡུས་ཡའོ།   |     སྤེལ་དུས།  2025-07-09

    བགྲེས་སོང་བློ་བཟང་གི་ངོས་ནས་བརྗོད་ན། གྲོང་ཚོའི་བདེ་སྐྱིད་ཁང་བཟང་ནི་ཁོང་གི་ཁྱིམ་ཚང་གཞན་ཞིག་དེ་རེད།

    བོད་རང་སྐྱོང་ལྗོངས་གཞིས་རྩེ་གྲོང་ཁྱེར་ལྷ་རྩེ་རྫོང་གཞིས་ཆེན་ཤང་དུ་ཐོག་སོ་གཉིས་ལྡན་གྱི་སྡོད་ཁང་ཆུང་ཆུང་ཞིག་ནང་རྒན་རྒོན་ཚོ་སྣང་བ་སྐྱིད་པོའི་ངང་ཚེ་འཇུག་ལ་རོལ་བཞིན་ཡོད།

    བློ་བཟང་གིས་སྒྲ་སྙན་དེ་ཙམ་བྱང་ཆུབ་པོས་དཀྲོལ་མི་ཐུབ་ཀྱང་སྒྲ་སྙན་དཀྲོལ་ཞོར་གླུ་བླངས་པས་ཚང་མར་དགའ་སྤྲོ་ཚད་མེད་པ་ཞིག་སྦྱིན་ཞིང་། དེ་ནི་བློ་བཟང་གིས་སྦྱངས་མ་ཐག་པ་ཡིན་པ་མ་ཟད་དགེ་རྒན་བསྟེན་སའང་བདེ་སྐྱིད་ཁང་བཟང་དེ་གར་སྡོད་ཀྱི་ཡོད།

    བདེ་སྐྱིད་ཁང་བཟང་ནང་གྲོང་གསེབ་ཀྱི་རྒན་རྒོན་མི་ཉུང་བ་ཞིག་ཞིང་ལས་ཚར་བའམ་ཡང་ན་ནང་དུ་ལས་ཀ་མེད་པའི་སྐབས་དེ་གར་ཅི་འཕྲོས་མོལ་འཕྲོས་བྱེད་པར་འོང་གི་ཡོད།

    བདེ་སྐྱིད་ཁང་བཟང་གི་རྒན་རྒོན་ཚོས་ད་དུང་རང་འགུལ་ངང་རིག་རྩལ་འཁྲབ་སྟོན་རུ་ཁག་བཙུགས་ཏེ་ཞབས་བྲོར་ཅུང་མཁས་པའི་རྒན་རྒོན་གྱིས་རྒན་རྒོན་གཞན་ལ་ཞབས་བྲོ་སློབ་ཀྱི་ཡོད།

    “ང་ཚོའི་ཤང་དུ་གཞོན་ནུ་མང་ཆེ་བ་ཕྱིར་གླ་པར་ཕྱིན་པས་རྒན་རྒོན་ཚོ་ཞིང་དལ་སྐབས་འགྲོ་ས་མེད་པར་བརྟེན་ཤང་གིས་ཁང་པ་འདི་བདེ་སྐྱིད་ཁང་བཟང་དུ་བསྒྱུར་ནས་རྒན་རྒོན་ཚོར་ཉིན་མོ་ཅི་འཕྲོས་མོལ་འཕྲོས་དང་ཕན་ཚུན་འབྲེལ་འདྲིས་བྱ་ཡུལ་ཞིག་བཟོས་པ་རེད”ཅེས་གཞིས་ཆེན་ཤང་གཞིས་ཆེན་གྲོང་ཚོའི་ཚན་རྩལ་ཆེད་བསྐོས་པ་བསྟན་འཛིན་སྒྲོལ་མས་བཤད།

    རྒན་རྒོན་ཚོའི་བདེ་ཐང་སྐོར་གྱི་གནད་དོན་སྣ་ཚོགས་ལ་ལན་འདེབས་རོགས་བྱེད་པ་དང་། སྐྱོན་ཤོར་བའི་གློག་རྡུལ་ཐོན་རྫས་ལ་བཟོ་བཅོས་རྒྱག་པ། ས་ཆ་གཞན་དུ་ཡོད་པའི་ནང་མི་དང་འབྲེལ་གཏུག་བྱེད་པ་སོགས་ནི་བདེ་སྐྱིད་ཁང་བཟང་གི་ལས་དོན་པའི་རྒྱུན་གཏན་གྱི་ལས་ཀ་ཤ་སྟག་རེད།

    བདེ་སྐྱིད་ཁང་བཟང་དུ་རྒན་རྒོན་ཚོར་བདེ་ཐང་ཞབས་ཞུའི་དགོས་མཁོ་ཧ་ཅང་ཆེ་བར་དམིགས་ནས་ལས་དོན་པས་ཆེད་མངགས་སྨན་དོན་ཁང་བཙུགས་ནས་ཤང་འཕྲོད་བསྟེན་ཁང་གི་སྨན་དོན་པ་དང་གྲོང་ཚོའི་སྨན་པས་དུས་བཀག་ལྟར་རྒན་རྒོན་ལ་བརྟག་དཔྱད་བྱས་ནས་ཁོང་ཚོའི་གཟུགས་པོའི་གནས་ཚུལ་དུས་ཐོག་ཏུ་ཤེས་རྟོགས་ཡོང་བར་བྱེད་ཀྱི་ཡོད།

    རྒན་རྒོན་ཚོས་སེམས་ཁྲལ་བྱེད་པའི་གནད་དོན་གཞན་ཞིག་ནི་ཕྲུ་གུའི་གནད་དོན་དེ་རེད། གཞོན་ནུ་ཚོ་ཕྱིར་གླ་པར་བསྐྱོད་སྟབས་རྒན་རྒོན་ཚོས་ཕྲུ་གུ་ཉར་རྒྱུ་ནི་རྒྱུན་ལྡན་ཞིག་ཡིན་མོད་ཀྱང་། བདེ་སྐྱིད་ཁང་བཟང་གིས་ཕྲུ་གུ་ཉར་ས་བསྐྲུན་ནས་ཁྱིམ་བདག་ཚོའི་སེམས་ཁྲལ་བསལ་ཡོད།

    རྒན་རྒོན་བདེ་སྐྱིད་ཁང་བཟང་དུ་ཡོང་སྐབས། ཕྲུ་གུ་མཉམ་དུ་ཁྲིད་ཡོང་གི་ཡོད། གྲོང་སྡོད་ལས་བྱེད་པ་ཚོས་རྟག་ཏུ་ཕྲུ་གུ་ཚོར་སྦྱང་ཚན་འབྲི་རུ་བཅུག་པ་དང་རི་མོའི་དེབ་ལྟ་རུ་བཅུག་ནས་ཁོང་ཚོའི་སློབ་སྦྱོང་དང་འཚར་ལོངས་ལ་རོགས་རམ་བྱེད་ཀྱི་ཡོད།

    བསྟན་འཛིན་སྒྲོལ་མས་ངེས་གསལ་ལ། ཐེངས་ཤིག་ཕྲུ་གུ་ཁ་ཤས་ཀྱིས་རི་མོའི་དེབ་ལྟ་སྐབས། “སེའུ་མཐོང་སྐོམ་སེལ”ཞེས་པའི་དཔེ་ཆོས་དེ་མཐོང་སྐབས་ཕྲུ་གུ་ཚོས་དེའི་་དོན་གང་ཟེར་བ་མ་ཤེས་སྟབས་རྒན་རྒོན་ཚོར་དྲིས་ཀྱང་ཁོང་ཚོས་ཀྱང་གསལ་པོ་ཤེས་ཀྱི་མེད། གྲོང་སྡོད་ལས་བྱེད་པ་ཞིག་གིས་ཕྲུ་གུ་ཚོར་དཔེ་ཆོས་དེའི་བྱུང་ཚུལ་འགྲེལ་བཤད་བརྒྱབ་པར་ཚང་མས་སྤྲོ་སྣང་ཆེན་པོས་ཉན་ཡོད།

    “བདེ་སྐྱིད་ཁང་བཟང་ནི་རྒན་གསོ་ཁང་མིན་པར། གྲོང་གསེབ་ཀྱི་སྤྱི་ཁང་ཞིག་རེད། ལྷ་རྩེ་རྫོང་གིས་སྤྱི་ཚོགས་ཀྱི་སྟོབས་ཤུགས་བསྡུ་སྒྲིལ་ནུས་ལྡན་བྱས་ཏེ་གྲོང་གསེབ་བདེ་སྐྱིད་ཁང་བཟང་གི་ཞབས་ཞུའི་ནང་མཉམ་དུ་ཞུགས་ནས་གཞི་རིམ་མང་ཚོགས་ཀྱི་འཚོ་བའི་ཁྲོད་ནུས་པ་འདོན་ཐུབ་པར་བྱས་ཡོད། རྒན་རྒོན་ལ་དགོས་མཁོ་ཡོད་ཚེ། སྲིད་གཞུང་གིས་ཚང་མ་བསྒྲུབས་ནས་ཁོང་ཚོའི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་ཧུར་ཐག་གིས་གྲོང་གསེབ་ཀྱི་རྒན་རྒོན་ཚོར་ཚེ་མཇུག་གི་འཚོ་བ་དེ་བས་ལེགས་པ་ཡོང་བར་བྱེད་ཀྱི་ཡོད”ཅེས་ཧྲང་ཧའེ་ཡི་བོད་སྐྱོར་ལས་བྱེད་པ་དང་། ལྷ་རྩེ་རྫོང་ཨུད་ཀྱི་རྒྱུན་ཨུ། རྫོང་དཔོན་གཞོན་པ་བཅས་ཡིན་པའི་ལི་ཡུན་ཧྥུང་གིས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།