དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཀྲོའུ་སྲིད་གྲོས་ཀྱི་དེ་སྔའི་ཀྲུའུ་ཞི་གཞོན་པ་ཀྲང་ཅི་ཡོན་གྱིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པས་ཏང་གི་སྐྱིད་སྡུག་ནས་ཕྱིར་འབུད་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་'   |     སྤེལ་དུས།  2025-07-09

    ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་7ཚེས་7ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གུང་མཚོ་སྔོན་ཞིང་ཨུད་ཀྱི་ཆོག་མཆན་ཐོབ་པ་བརྒྱུད། མཚོ་སྔོན་ཞིང་ཆེན་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་སྲིད་གྲོས་ཀྱི་དེ་སྔའི་ཀྲུའུ་ཞི་གཞོན་པ་ཀྲང་ཅི་ཡོན་གྱི་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་གྱི་གནད་དོན་གྱོད་ཐོ་བཀོད་དེ་ཞིབ་བཤེར་བརྟག་དཔྱད་བྱས་པ་རེད།

    བརྟག་དཔྱད་བྱས་པ་བརྒྱུད། ཏང་ཡོན་འགོ་ཁྲིད་ལས་བྱེད་པ་ཡིན་པའི་ཀྲང་ཅི་ཡོན་གྱི་ཕུགས་བསམ་དང་དད་སེམས་ཉམས་པ་དང་། ཐོག་མའི་བསམ་འདུན་དང་རྒྱབ་འགལ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་སྣང་མེད་དུ་བཏང་བ། གཉེན་ཉེ་དང་གྲོགས་པོ་ཁྲིད་ནས་གསོལ་སྟོན་དང་ཡུལ་སྐོར་བྱེད་སྒོའི་བཀོད་སྒྲིག་དང་ལེན་བྱས་པ། སྒྲིག་འགལ་ངང་རླངས་འཁོར་གཡར་བ། རྩ་འཛུགས་ཀྱི་འདུ་ཤེས་ཞན་པ་དང་གཏན་འབེབས་ལྟར་མི་སྒེར་གྱི་འབྲེལ་ཡོད་གནད་དོན་སྙན་སེང་མི་ཞུས་པ་དང་། སྤྱོད་གཙང་གི་མཐའ་ཚད་མི་སྲུང་བ། སྒྲིག་འགལ་ངང་ལག་རྟགས་དང་འབུལ་རྟེན་ལེན་པ། དབང་ཆ་དང་ལས་གནས་ཀྱི་ཤུགས་རྐྱེན་སྤྱད་དེ་གཉེན་ཉེར་ཁེ་ཕན་རག་ཐབས་བྱེད་པ། མང་ཚོགས་ལ་ཞབས་འདེགས་ཞུ་བའི་འོས་འགན་མང་ཚོགས་ལ་དོ་དམ་བྱེད་པའི་དམིགས་བསལ་གྱི་དབང་ཆར་བརྩི་བ། འགྲོ་གྲོན་སྒྲིག་འགལ་ངང་བགོས་པ། འདོད་རྔམས་ཆེ་བ། དབང་ཆ་དང་དངུལ་བརྗེ་རེས་བྱེད་པ། མི་གཞན་ལ་ལས་གྲྭའི་རྣམ་གྲངས་འགན་གཙང་ལེན་རོགས་དང་ཁེ་ལས་གཉེར་སྐྱོང་སོགས་བྱས་ནས་ཁེ་བཟང་རག་ཐབས་བྱེད་པ། ཁྲིམས་འགལ་ངང་རྒྱུ་ནོར་འབོར་ཆེན་བླངས་པ་བཅས་བྱས་ཡོད།

    ཀྲང་ཅི་ཡོན་གྱིས་ཏང་གི་རྩ་འཛུགས་སྒྲིག་ཁྲིམས་དང་། སྤྱོད་གཙང་གི་སྒྲིག་ཁྲིམས། མང་ཚོགས་ཀྱི་སྒྲིག་ལམ། འཚོ་བའི་སྒྲིག་ཁྲིམས་བཅས་ལས་ཚབས་ཆེན་འགལ་ནས་ལས་གནས་ཐོག་ཁྲིམས་འགལ་གྱི་ཉེས་པ་ཚབས་ཆེན་བསགས་པ་དང་། ལྐོག་རྔན་བླངས་པའི་ཉེས་གསོག་གི་དོགས་གཞི་ཡོད་པ་དང་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ད་དུང་མཚམས་དང་ཚོད་མེད་པར་ངོ་བོ་ཚབས་ཆེ་བ་དང་ཤུགས་རྐྱེན་ངན་པ་བཟོས་པས་ཐག་གཅོད་ནན་པོ་བྱེད་དགོས་པ་ཞིག་རེད། 《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལྟ་ཞིབ་བཅའ་ཁྲིམས》《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་དོན་མི་སྣའི་སྲིད་དོན་ཆད་གཅོད་བཅའ་ཁྲིམས》སོགས་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། ཀྲུང་གུང་མཚོ་སྔོན་ཞིང་ཆེན་སྒྲིག་ཨུད་རྒྱུན་ཨུའི་ཚོགས་འདུའི་ཐོག་ཞིབ་འཇུག་བྱས་པ་དང་འབྲེལ་ཀྲུང་གུང་མཚོ་སྔོན་ཞིང་ཨུད་ལ་སྙན་སེང་ཞུས་ནས་ཆོག་མཆན་ཐོབ་པ་བརྒྱུད་ཀྲང་ཅི་ཡོན་ལ་ཏང་གི་སྐྱིད་སྡུག་ནས་ཕྱིར་འབུད་བྱ་རྒྱུའི་ཆད་པ་གཅོད་རྒྱུ་དང་། གཏན་འབེབས་ལྟར་ཁོ་པའི་ཐོབ་ཐང་མེད་པར་བཟོ་བ། ཁོ་པའི་སྒྲིག་འགལ་ཁྲིམས་འགལ་གྱི་ཐོབ་ཆ་ཚང་མ་གཞུང་བཞེས་གཏོང་བ། ཁོ་པའི་ཉེས་གསོག་གི་བྱེད་སྤྱོད་ཞིབ་དཔྱོད་ལས་ཁུངས་ལ་རྩིས་སྤྲད་ནས་ཁྲིམས་ལྟར་ཞིབ་བཤེར་དང་ཞུ་སྦྱོར་བྱེད་པ། གཞུང་བཞེས་བཏང་བའི་རྒྱུ་ནོར་མཉམ་དུ་རྩིས་སྤྲོད་བཅས་བྱ་རྒྱུའི་གཏན་འབེབས་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།