ཐོན་ལས་གསེར་གྱི་སྨྱུ་གུ་ཡིས། འཚོ་བ་གསར་པ་རི་མོར་ཕབ།
ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་ཐོན་ཕུ་གྲོང་ཚོར་བསྐྱོད་པའི་མཐོང་ཐོས།
སྙེ་མོ་རྫོང་ཐོན་པ་ཤང་དང་བར་ཐག་སྤྱི་ལེ་10ཙམ་ཆོད་པའི་ཐོན་ཕུ་གྲོང་ཚོའི་ས་བབ་ཅུང་མཐོ་ལ་རི་ལམ་གཟར་བ་དང་། ཕྱོགས་བཞི་རི་བོས་བསྐོར་ཡོད་པས་མགོ་བོ་དགུང་ལ་བཏེགས་ན་མ་གཏོགས་གཡའ་དག་པའི་ནམ་མཁའ་མིག་ལམ་དུ་འཆར་བར་དཀའ།
ཐོན་ཕུ་གྲོང་ཚོར་ཚོགས་ཆུང་བཞི་ཡོད་པ་ལས་གཡུང་ཚོགས་ཆུང་ཕུད། དེ་བྱིངས་ཀྱི་ཚོགས་ཆུང་གསུམ་པོའི་དུད་ཚང་112ཡི་མི་310ཙམ་སྤོས་སྦྱོར་གྱི་ལས་ལ་གཞོལ་བཞིན་ཡོད། སྙེ་མོའི་སྤོས་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་དང་སྙེ་མོ་དགའ་ལྡན་རྫོང་སྤོས་བཟོ་གྲྭའི་ཁྲང་ཀྲང་ལྷག་བསྟན་ནོར་བུས། 《དཔལ་ལྡན་རྒྱུད་བཞིའི》ནང་སྤོས་སྦྱོར་བྱེད་སྟངས་འཁོད་ཡོད་པས། ཁྱིམ་ཚང་ཚང་མས་དེར་བརྩི་སྲུང་ནན་པོ་ཞུ་བ་དང་རྒྱུ་ཆ་ཡང་ཕལ་ཆེར་གཅིག་མཚུངས་ཡིན། འོན་ཀྱང་། ཁྱིམ་ཚང་སོ་སོར་སྤོས་སྦྱོར་བྱེད་སྟངས་དམིགས་བསལ་རེ་ཡོད་སྟབས། སྤོས་ཀྱི་སྣ་ཁ་མང་པོ་ཡོད་ཅེས་ངོ་སྤྲོད་བྱས།
ཐོན་པ་གྲོང་རྡལ་གྱི་ད་ལོའི་ཟླ་བ་5པའི་སྤོས་ཀྱི་ཡོང་འབབ་བསྡོམས་རྩིས་བརྒྱབ་པ་ལྟར་ན། 2024ལོའི་ཟླ་བ་12པ་ནས་2025ལོའི་ཟླ་བ་5པའི་བར། སྤོས་སྦྱོར་བྱེད་མཁན་དུད་ཚང་189དང་མི་588ཡོད་པ་དང་། ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་ཁྲི་1426.88དང་ཕྱིར་ཚོང་ཡོང་འབབ་བསྡོམས་འབོར་སྒོར་ཁྲི་1019.2ཟིན་ནས་དུད་ཚང་རེར་ཆ་སྙོམས་ཡོང་འབབ་སྒོར་21570.37འཕར་ཡོད་པ་རེད། མིག་སྔར། ཐོན་པ་གྲོང་རྡལ་གྱིས་གཙོ་གནད་ཐོག་བཏོད་པའི་སྤོས་ཀྱི་སྤུས་རྟགས་ཁག་4ཡོད་པ་དང་། རང་སྐྱོང་ལྗོངས་རིམ་པའི་རྒྱུན་འཛིན་པ་1དང་། གྲོང་ཁྱེར་རིམ་པའི་རྒྱུན་འཛིན་པ་2 རྫོང་རིམ་པའི་རྒྱུན་འཛིན་པ་7བཅས་ཡོདཔ་རེད།
བཀྲ་ཤིས་ཉི་མ་ནི་གྲོང་ཚོར་དྲ་ཚོང་ལས་སྟེགས་སྤྱོད་མང་ཤོས་ཀྱི་ན་གཞོན་གྱི་གྲས་ཤིག་རེད། ཁོང་གི་སྤོས་ཐོན་སྐྱེད་འཁོར་ཁང་དུ་ལྟ་སྐོར་བྱེད་སྐབས། ཁྲེང་ཏུའུ་དང་། ཝུའུ་ཧན། ཧྲང་ཧའེ་སོགས་ནས་མངགས་ཐོ་རྟག་ཏུ་འབྱོར་གྱི་ཡོད་པ་ཤེས་བྱུང་། བཀྲ་ཤིས་ཉི་མས་གསར་འགོད་པར། “ད་ལྟ་ལོ་རེའི་ཕྱིར་ཚོང་གྲངས་འབོར་གྱི་ཕྱེད་ཀ་དྲ་ཐོག་གི་མངགས་ཐོ་རེད”ཅེས་བརྗོད།
ཐོན་པ་གྲོང་རྡལ་གྱི་ཉེ་རིང་གང་སར་སྐད་གྲགས་ཆོད་པའི“ཨ་ཁུ་ཤའོ་ལགས”ནི་ཀོང་ཀྲོའུ་ནས་ཡིན་པ་དང་། མིང་ངོ་མར་ཤའོ་ཀོང་ཧྲེང་ཟེར། ཁོང་སྔོན་མ་ཨ་ལི་པཱ་པཱ་དང་ཝང་དབྱི་སྤུས་རྟགས་ཀྱི་སྤྱི་ཁྱབ་ལྟ་ཞིབ་པ་དང་། ཀུའུ་ཅ་ཁྱིམ་ཆས་ཁྲོམ་རའི་སྤུས་རྟགས་ཀྱི་སྤྱི་ཁྱབ་ལྟ་ཞིབ་པ་བྱེད་མྱོང་ཡོད། 2023ལོར། ཁོང་གིས་ཐོན་ཕུ་གྲོང་ཚོར་ཀུང་སི་བཙུགས་ནས་ཐོན་ཕུའི་སྤོས་ཐད་གཏོང་ཕྱིར་ཚོང་བྱས་པར་ཡོང་འབབ་ཡག་པོ་བྱུང་སྟེ། གྲོང་ཚོ་དེར་དྲ་ཐོག་ཐད་གཏོང་ནས་སྤོས་འཚོང་མཁན་གྱི་རྒྱ་རིགས་བློ་མཐུན་ཐོག་མར་གྱུར།
བསྡོམས་རྩིས་རགས་ཙམ་བརྒྱབ་པར་གཞིཌ་ན། ད་ལོར་ཐོན་ཕུ་གྲོང་ཚོའི་ཚོགས་ཆུང་གཉིས་པ་ཁོ་ནར་ཁང་པ་གསར་པ་རྒྱག་མཁན་དུད་ཚང་6ཡོད་པ་དང་། ན་ནིང་དུད་ཚང་7གྱིས་ཁང་པ་བརྒྱབ་ཡོད། གསར་དུ་བརྒྱབ་པའི་བོད་ཁང་ཉིས་ཐོག་གི་རྒྱ་ཁྱོན་ལ་ཕལ་ཆེར་སྨི་ངོས་གྲུ་400ནས་500བར་ཡོད་པ་དང་། ཚོགས་ཆུང་དང་པོའི་ཁྱིམ་ཚང་ཞིག་གི་སྐྲུན་བཞིན་པའི་ཁང་པའི་རྒྱ་ཁྱོན་ལ་སྨི་ངོས་གྲུ་800ཡོད། ཐོན་ཕུ་གྲོང་ཚོར་སྤྱིར་ན་ཁང་པའི་འོག་ཐོག་ཏུ་སྤོས་སྦྱོར་བྱེད་བཞིན་ཡོད་ཅིང་། དེར་ཐོན་སྐྱེད་འཁོར་ཁང་དང་། རྒྱུ་ཆ་ཉར་ཁང་། སྐེམ་ཁང་། ཐུམ་རྒྱག་ཁང་། ཐོན་རྫས་ཉར་ཁང་བཅས་ཡོད་པ་དང་། ཉིས་ཐོག་ཏུ་མི་སྡོད་ཅིང་། མི་རེར་ཁང་མིག་རེ་ཡོད་པ་མ་ཟད། ད་དུང་ཚོམས་ཆེན་དང་། ཐབ་ཚང་། ཁྲུས་ཁང་སོགས་ཀྱང་ཡོད། ཐོན་ཕུ་གྲོང་ཚོའི་གསར་དུ་བརྒྱབ་པའི་ཁང་པ་ཁང་བཀྲག་ཆེ་ལ་ཁོར་ཡུག་ཧ་ཅང་ལྟ་ན་སྡུག་པས། ཨ་སྔོན་སྤྲིན་དཀར་འོག་དེ་བས་ལྟ་སྣང་དོད་པོ་ཞིག་ཡོད།