ཀོང་ཏུང་ཞིང་ཆེན་གྱི་ཁག་བཅུ་པའི་བོད་སྐྱོར་ལས་བྱེད་ཤེས་ལྡན་པས།
བློ་སེམས་གཅིག་མཐུན་ཕུགས་འདུན་དོན་དུ་གཉེར། ཀོང་ཏུང་ཉིང་ཁྲིས་དམངས་འཚོའི་བྱ་གཞག་བཏོད།
འདི་ནི་ཀོང་ཏུང་ཞིང་ཆེན་གྱིས་སྐྲུན་རོགས་བྱས་པའི་བྲག་ཡིབ་ཆུས་ཀླུ་ནང་རྒྱལ་སྤྱིའི་ཡུལ་སྐོར་གྲོང་རྡལ་ཆུང་ངུ་ཡིན་པ།
འདི་ནི་ལས་ཀ་འཚོལ་མཁན་གྱིས“དཔྱིད་རླུང་བྱ་སྤྱོད”ཀྱི་ཀོང་ཀྲོའུ་བོད་སྐྱོར་ལས་ཞུགས་ཀྱི་ཆེད་དོན་ལས་མི་བསྡུ་བའི་འདུ་ཚོགས་ཐོག་ལས་གནས་ཀྱི་གནས་ཚུལ་ཤེས་རྟོགས་བྱེད་བཞིན་པ།
འདི་ནི་ཀོང་ཏུང་ཞིང་ཆེན་ཧྥོ་ཧྲན་གྲོང་ཁྱེར་གྱིས་སྐྲུན་རོགས་བྱས་པའི་མེ་ཏོག་རྫོང་གི་པདྨ་དཔེ་ཁང་གི་ཟུར་ཞིག་ཡིན་པ།
འདི་ནི་ཀོང་ཏུང་གི་བོད་སྐྱོར་སྨན་པས་རུས་ཚིགས་བརྗེ་བའི་སྨན་བཅོས་རོགས་སྐྱོབ་ཀྱི་གཅེས་སེམས་སྤྱི་ཕན་བྱེད་སྒོ་སྤེལ་རིང་གློག་པར་ལ་ལྟ་བཞིན་པ།
འདི་ནི་ཀོང་ཏུང་ཞིང་ཆེན་ཀྲུང་ཧྲན་གྲོང་ཁྱེར་གྱི་གྲོང་མིས“ཀོང་ཏུང་དང་བོད་ལྗོངས་སེམས་པ་མཐུན། རི་བོ་དང་མཚོ་མོ་མཉམ་དུ་སྒྲོལ”ཞེས་པའི་ཀོང་ཏུང་ཀྲུང་ཧྲན་གྲོང་ཁྱེར། བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་གི་པར་རིས་བརྩམས་ཆོས་འགྲེམས་སྟོན་ལ་ལྟ་བཞིན་པ།
འདི་ནི་2025ལོའི་ཀོང་ཏུང(ཏུང་ཀོན)དང་བོད་ལྗོངས(ཉིང་ཁྲི)ཀྱི་ཚོང་འགུགས་མ་འདྲེན་འོས་སྦྱོར་ཚོགས་འདུའི་རྣམ་གྲངས་ཀྱི་མིང་རྟགས་འགོད་པའི་མཛད་སྒོ་འཚོག་ཡུལ་ཡིན་པ།
འདི་ནི་ཀོང་ཏུང་ཞིང་ཆེན་ཧུའེ་ཀྲོའུ་གྲོང་ཁྱེར་གྱིས་སྐྲུན་རོགས་བྱས་པའི་སྣང་རྫོང་གི་ཧུའེ་ཀྲོའུ་ཟམ་ཆེན་ཡིན་པ།
ལོ་གསུམ་རིང་། ཀོང་ཏུང་ཞིང་ཆེན་གྱི་ཁག་བཅུ་པའི་བོད་སྐྱོར་ལས་བྱེད་ཤེས་ལྡན་པས“ཉིང་ཁྲིའི་ཡོད་ཚད་དང་། ཉིང་ཁྲིའི་དགོས་མཁོ། ཀོང་ཏུང་གི་འཇོན་ནུས”བཅས་མཐའ་འཁྱོངས་བྱས་ཏེ་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་དང་། དམངས་འཚོ་འགན་སྲུང་དང་ལེགས་གཏོང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། ཤེས་ལྡན་པའི་ལག་རྩལ་མཐོར་གཏོང་། དཔལ་འབྱོར་ཚོང་དོན་གྱི་ལས་སྟེགས་སྐྲུན་པ། འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་སོགས་ཁྱབ་ཁོངས་ཁག་ཏུ་འབད་བརྩོན་ལྷོད་མེད་བཅས་བྱས་ཏེ། ཉིང་ཁྲིའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་སྒྱུར་བཅོས་སྒོ་དབྱེའི་སྔོན་སྐྱོད་ལམ་བུར་མེ་ཏོག་རབ་ཏུ་བཞད་པར་བྱས་ཡོད།
ཐོན་ལས་རིམ་སྤོར་གྱི་སྒུལ་ནུས་གཅིག་ཏུ་བསྒྲིལ་ནས་དཔལ་འབྱོར་གྱི་གསོན་ཤུགས་འཕེལ་བར་བྱས་པ།
སྤུས་ཚད་མཐོ་བའི་འཕེལ་རྒྱས་བཏང་སྟེ་ཐོན་ལས་ཀྱི་སྒུལ་ནུས་འཕེལ་བར་བྱས་ཤིང་། ཀོང་ཏུང་གི་བོད་སྐྱོར་གྱིས་ཡུལ་བབ་དང་བསྟུན་རྒྱུར་མཐོང་ཆེན་བྱས་ཏེ་ཉིང་ཁྲིའི་ཡུལ་བབ་ཀྱི་ཁྱད་ལྡན་ཐོན་ལས་ལ་རོགས་སྐྱོར་བྱེད་པ་དང་། སྤུས་ལེགས་རྣམ་གྲངས་ཆེ་གྲས་དང་སྟོབས་ཆེན་འགུགས་པའི་ཐད་ལས་དོན་འབོར་ཆེན་བསྒྲུབས་ནས། ཐོན་སྐྱེད་དང་ལས་སྣོན་ནས་ཁྲོམ་རའི་བར་དང་། མ་དངུལ་དང་ལག་རྩལ་ནས་སྤུས་རྟགས་བར་རོགས་སྐྱོར་གྱི་རྣམ་པ་ཕྱོགས་ཡོངས་ནས་རྒྱ་སྐྱེད་བཏང་སྟེ་དངོས་དངོས་རྗེན་རྗེན་ངང་ཐོན་ལས་ཀྱི་ཕན་འབྲས་ཆེ་རུ་དང་། མང་ཚོགས་ཀྱི་ཡོང་འབབ་འཕར་བ། དཔལ་འབྱོར་འཕར་སྣོན་བཅས་ལ་སྐུལ་འདེད་བཏང་ཡོད།
2022ལོ་ནས་2025ལོ་བར། ཀོང་ཏུང་ཞིང་ཆེན་གྱི་ཁག་བཅུ་པའི་བོད་སྐྱོར་ལས་བྱེད་ཤེས་ལྡན་པས་མ་འཇོག་འཆར་གཞི་ལྟར་ཁྱོན་རྣམ་གྲངས་ཁག་235བཀོད་སྒྲིག་བྱས་ཤིང་། ད་ལོའི་ཟླ་5པའི་ཟླ་མཇུག་བར་རིམ་རྩིས་བརྒྱབ་ན་མ་དངུལ་སྒོར་དུང་ཕྱུར་19.34བཏང་བ་དང་མ་དངུལ་གཏོང་ཚད་91.6%ཟིན་ཡོད་པ་རེད།
ལོ་གསུམ་རིང་། “ཀརྨ་ཀུ་ཤུ”སོགས་ཐོན་རྫས་སྣ་ཁ་ལྔ་ལ་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཐོན་ཡུལ་གྱི་ཁས་ལེན་བདེན་དཔང་ཐོབ་པ་དང་།“སྤོ་བོའི་ཇ་ལོ་དཀར་པོ”སོགས་ཐོན་རྫས་སྣ་ཁ་བརྒྱད་རྒྱལ་ཡོངས་ཀྱི་གྲགས་ཅན་དང་། དམིགས་བསལ། སྤུས་ལེགས། གསར་པ་བཅས་ཞིང་ལས་ཐོན་རྫས་ཀྱི་མིང་གཞུང་ནང་བཅུག་ཡོད།
ཐོན་ལས་འཕེལ་རྒྱས་གཏོང་བར“ཕྱིར་གཏོང”བྱེད་དགོས་པ་མ་ཟད། “ནང་འདྲེན”དེ་བས་ཀྱང་བྱེད་དགོས། དེའི་ཐད་ཀོང་ཏུང་ཞིང་ཆེན་གྱི་ཁག་བཅུ་པའི་བོད་སྐྱོར་ལས་བྱེད་ཤེས་ལྡན་པས“གྲོང་ཁྱེར་དང་རྫོང་མཉམ་འགུལ་དང་། ལས་མི་ཡོངས་ཀྱིས་ཚོང་འགུགས་བྱེད་པའི”བོད་སྐྱོར་གྱི་ཚོང་འགུགས་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་ཤར་ཕྱོགས་གློག་ཤུགས་ཚོགས་པ་དང་ནུང་ཧྥོ་ཧྲན་གཏེར་ཆུ་སོགས་སྣེ་འདྲེན་ཁེ་ལས་ཉིང་ཁྲིར་གཞིས་ཆགས་རྒྱུའི་ཡིད་དབང་བཀུག་པ་དང་། ནུས་རྒྱུ་གཙང་མའི་ཐོན་ལས་འཁོར་འབྲེལ་གྱི་གོང་འོག་ལྷན་སྦྱར་ཐོན་ལས་ཁྱུ་ཚོགས་ནུས་ཤུགས་ཡོད་རྒུས་གཏོད་པ་དང་། ཀོང་ཏུང་དང་ཉིང་ཁྲིའི་ཐོན་ལས་གླིང་བསྐྲུན་ནས་དངོས་ཚན་ཁེ་ལས་13གཞིས་ཆགས་ཐབས་བྱས་ཡོད། ལོ་གསུམ་རིང་། རིམ་རྩིས་བརྒྱབ་ན། ཚོང་འགུགས་མ་འདྲེན་གྱི་འོས་སྦྱོར་ཚོགས་འདུ་དང་དཔལ་འབྱོར་ཚོང་དོན་སྤེལ་རེས་ཚོགས་འདུ་སྣ་ཚོགས་ཐེངས་33འཚོགས་ནས་བོད་སྐྱོར་གྱི་ཚོང་འགུགས་རྣམ་གྲངས་ཁག་169ལ་གན་རྒྱ་བཞག་པ་དང་། གན་རྒྱ་བཞག་པའི་དངུལ་འབོར་སྒོར་དུང་ཕྱུར་247.15ཟིན་ནས་ཉིང་ཁྲིའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན་ཡོད།
དམངས་འཚོའི་བདེ་རྩ་ཆེ་རུ་བཏང་ནས་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་དུ་བཏང་བ།
དམངས་འཚོ་ནི་དམངས་སེམས་དང་འབྲེལ་བ་ཡོད་པས། ནུས་ཤུགས་ཡོད་རྒུས་དམངས་འཚོ་ལེགས་སུ་དང་མི་སེམས་གཅིག་ཏུ་བསྒྲིལ་རྒྱུ་ནི་བོད་སྐྱོར་ལས་དོན་གྱི་འགོ་འཛུགས་ས་དང་དོན་ལ་བབས་ས་རེད། 2023ལོའི་ཟླ་7པ་ནས་བཟུང་། ཀོང་ཏུང་ཞིང་ཆེན་གྱི་ཁག་བཅུ་པའི་བོད་སྐྱོར་ལས་བྱེད་ཤེས་ལྡན་པས“དམངས་ཕན་བྱ་སྤྱོད་ཁག་གསུམ”(མཐོང་ཐུབ་པ་དང་། སྤྱོད་ཐུབ་པ། ཚོར་ཐུབ་པ)ལག་ལེན་བསྟར་བ་དང་། སྨན་བཅོས་དང་། ལས་ཞུགས། སློབ་གསོ་སོགས་ཕྱོགས་9ཡི་ཐད་དམངས་ཕན་འདུ་འགོད་དང་སེམས་དྲོད་བྱ་སྤྱོད་ཁག་29སྤེལ་རྒྱུ་ཁ་གསལ་བཏོན་ཏེ། མང་ཚོགས་ཀྱིས་དོ་སྣང་ཆེ་ཤོས་བྱེད་པ་དང་། མང་ཚོགས་དང་ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ། མང་ཚོགས་ལ་འཕྲལ་མཁོ་ཆེ་ཤོས་ཡིན་པ་བཅས་ཀྱི་དམངས་འཚོའི་གནད་དོན་ཁག་གཅིག་ཐག་གཅོད་བྱས་པ་རེད།
ལོ་གསུམ་རིང་། ཀོང་ཏུང་ཞིང་ཆེན་གྱི་ཁག་བཅུ་པའི་བོད་སྐྱོར་ལས་བྱེད་ཤེས་ལྡན་པས་ས་མཐོའི་སྙིང་ཁམས་ཁྲག་རྩའི་ནད་ཀྱི་ཞིབ་འཇུག་སུའོ་དང་། ཉིང་ཁྲི་གྲོང་ཁྱེར་སྨན་རྩིས་ཁང་གི་མངོན་མིན་རིག་གནས་ཤུལ་བཞག་གི་ཁྱད་ལྡན་ཐོག་ཁང་སོགས་བསྐྲུན་ནས“རིག་ལྡན་སྨན་ཁང”དང“དྲ་རྒྱའི་སྨན་ཁང”བཀོད་སྒྲིག་ལག་བསྟར་བྱས་པ་དང་། སྤོ་བོ་རྫོང་དང་། རྫ་ཡུལ་རྫོང་། སྣང་རྫོང་། མེ་ཏོག་རྫོང་བཅས་ཀྱི་ལྟེ་བའི་ཁྲག་མཛོད་སྒོ་བྱང་བཀལ་ནས་གཉེར་སྐྱོང་བྱས་པ། ཀོང་པོ་རྒྱ་མདའ་རྫོང་མི་དམངས་སྨན་ཁང་ཕྱོགས་ཡོངས་ནས་གནས་སྤོ་བྱེད་པར་རམ་འདེགས་བྱས་པ། གཞི་རིམ་དུ་འོས་འགན་སྨན་བཅོས་དང་རིན་མེད་གྲལ་བཤེར་སྨན་བཅོས་བྱེད་པའི་བྱེད་སྒོ་སྣ་ཚོགས་ཐེངས་142སྤེལ་བ་སོགས་ལས་ཉིང་ཁྲིའི་མང་ཚོགས་ལ་སྤུས་ཚད་དེ་བས་མཐོ་བའི་སྨན་བཅོས་ཞབས་ཞུ་ལོངས་སུ་སྤྱོད་རྒྱུ་བྱུང་ཡོད།
ལོ་བརྒྱའི་ཇུས་ཆེན་འགོད་པར་སློབ་གསོ་རྩ་བར་འཛིན་དགོས་ཤིང་། ཀོང་ཏུང་ཞིང་ཆེན་གྱི་ཁག་བཅུ་པའི་བོད་སྐྱོར་ལས་བྱེད་ཤེས་ལྡན་པས་ཉིང་ཁྲི་གྲོང་ཁྱེར་སློབ་འབྲིང་དང་པོའི་སློབ་མའི་ཉལ་ཁང་གསར་པ་དང་། སྤོ་བོ་རྫོང་རྒུ་ཤང་གསོ་ཐང་གྲོང་ཚོའི་བུ་བཅོལ་ཁང་། བྲག་ཡིབ་ཆུས་ཀླུ་ནང་གྲོང་རྡལ་གྱི་སློབ་ཆུང་། སྨན་རི་ཤང་གི་སློབ་ཆུང་སོགས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་བྱས་ནས་ཉིང་ཁྲི་གྲོང་ཁྱེར་གྱི་སློབ་གསོ་དང་སློབ་ཁྲིད་ཀྱི་སྤུས་ཚད་མངོན་གསལ་དོད་པོས་མཐོ་རུ་འགྲོ་བར་སྐུལ་འདེད་བཏང་ཡོད།
ལས་ཞུགས་ནི་དམངས་འཚོ་ཆེ་ཤོས་རེད། ལོ་གསུམ་རིང་། ཀོང་ཏུང་ཞིང་ཆེན་གྱི་ཁག་བཅུ་པའི་བོད་སྐྱོར་ལས་བྱེད་ཤེས་ལྡན་པས་ཉིང་ཁྲིའི་ལས་ཞུགས་ཀྱི་ཐབས་ལམ་རྒྱུན་ཆད་མེད་པར་རྒྱ་སྐྱེད་གཏོང་བར་རམ་འདེགས་བྱས་ཤིང་། རིམ་རྩིས་བརྒྱབ་ན། ཆེད་དོན་ལས་མི་བསྡུ་བའི་བྱེད་སྒོ་ཐེངས་40སྤེལ་ནས་ལས་གནས་ཁྲི་2ལྷག་ཙམ་མཁོ་འདོན་བྱས་པ་དང་། ལས་རིགས་རྩལ་ནུས་གསོ་སྦྱོང་སྣ་ཚོགས་མུ་མཐུད་དུ་གཉེར་ནས་ཉིང་ཁྲིའི་རྫོང(གྲོང་ཁྱེར་དང་ཆུས)7གྱི་ལྗོངས་ཕྱིའི་ལས་ཞུགས་རྟེན་གཞི་ཁྱོན་ཡོངས་ལ་ཁྱབ་ཅིང་། མིག་སྔར་ཀོང་ཏུང་དུ་ཐེམ་ཁུངས་བོད་ནས་ཡིན་པའི་སློབ་ཐོན་སློབ་མ་500ལྷག་ཙམ་ལས་ཞུགས་བརྟན་པོ་ཐུབ་པ་དང་། བྱེད་ཐབས་རབ་དང་རིམ་པ་བརྒྱུད་ཉིང་ཁྲིའི་ངལ་རྩོལ་ནུས་ཤུགས་སྤུས་ཚད་མཐོ་པོས་ལས་ཞུགས་གང་ལེགས་ཐུབ་པའི་རྨང་གཞི་བརྟན་དུ་ཕྱིན་ཡོད།
འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་མཉམ་ཤུགས་གཅིག་ཏུ་བསྒྲིལ་ནས་མཐུན་ཆ་ཆེ་ཤོས་བཏོད་པ།
ལོ་གསུམ་རིང་། བོད་ཤར་ལྷོའི་འཕེལ་འགྲིབ་དང་བསྟུན་ནས་ཀོང་ཏུང་ཞིང་ཆེན་གྱི་ཁག་བཅུ་པའི་བོད་སྐྱོར་ལས་བྱེད་ཤེས་ལྡན་པས་ཉིང་ཁྲིའི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་དང་སེམས་པ་གཅིག་མཐུན་དང་ལག་གདང་དམ་པོར་སྦྲེལ་ནས་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱེད་རིང་མཐུན་ཆ་ཆེ་ཤོས་བཏོད་པ་མ་ཟད་སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ལ་བསྒྲིལ་ཡོད།
2023ལོར་ཀོང་ཏུང་ཞིང་ཆེན་གྱི་ཁག་བཅུ་པའི་བོད་སྐྱོར་ལས་བྱེད་ཤེས་ལྡན་པ་དང་། ཀོང་ཏུང་ཞིང་ཨུད་དྲིལ་བསྒྲགས་པུའུ་དང་ཀོང་ཏུང་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་མ་དངུལ་དང་མི་སྣའི་རྒྱབ་སྐྱོར་འོག ཉིང་ཁྲི་གྲོང་ཁྱེར་གྱི་རྫོང(ཆུས་དང་གྲོང་ཁྱེར)7ཚང་མར་རྫོང་རིམ་པའི་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་བཙུགས་ནས་བོད་ཀྱི་རྫོང་རིམ་པའི་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཁྱོན་ཡོངས་ལ་ཁྱབ་པའི་ས་ཁུལ་རིམ་པའི་གྲོང་ཁྱེར་དང་པོར་གྱུར་ཏེ། ཉིང་ཁྲི་གྲོང་ཁྱེར་ལ་ལྗོངས་ཕྱི་དང་རིག་གནས་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱེད་པའི་ལས་སྟེགས་ཤིག་བསྐྲུན་ཡོད།
2024ལོར་ཀོང་ཀྲོའུ་རྒྱལ་སྤྱིའི་ཡུལ་སྐོར་འགྲེམས་ཚོགས་སྐབས་32པར་ཆེད་མངགས་ཉིང་ཁྲིའི་འགྲེམས་ཁང་བཙུགས་པ་དང་། འཛད་སྤྱོད་བོད་སྐྱོར་གྱི“ཉིང་ཁྲིའི་གཡང”གི་ཆེད་དོན་འགྲེམས་ཚོང་ཁུལ་བཙུགས་ནས་ཉིང་ཁྲིའི་ཡུལ་སྐོར་དམིགས་བསལ་ཐོན་རྫས་དང་ཡུལ་སྐོར་རིག་གནས་བསམ་བཀོད་ཚོང་ཟོག་སོགས་སྣ་ཁ་30ཡོད་པའི་ཐོན་རྫས་བརྒྱ་ལྷག་ཙམ་འགྲེམས་སྟོན་བྱས་པས། ཡུལ་སྐོར་བ་དང་འཛད་སྤྱོད་པ་མང་པོའི་ཡིད་དབང་བཀུག་ཡོད་པ་རེད།
ལོ་གསུམ་རིང་། ཀོང་ཏུང་ཞིང་ཆེན་གྱི་ཁག་བཅུ་པའི་བོད་སྐྱོར་ལས་བྱེད་ཤེས་ལྡན་པ་ཚང་མས་དུད་ཚང་267གྱི་མང་ཚོགས་685དང་ཆ་སྒྲིག་གྲོགས་སྒྲིག་བྱས་ཏེ་ཁྱོན་སྒོར་ཁྲི་315ལྷག་ཙམ་རི་བའི་དངུལ་དང་དངོས་རྫས་ཞལ་འདེབས་བརྒྱབ་ནས་དཀའ་ངལ་དངོས་བསལ་བ་དང་། ཉིང་ཁྲིའི་ཁྱབ་ཁོངས་ཁག་གི་ལས་བྱེད་ཤེས་ལྡན་པ1627སྒྲིག་འཛུགས་བྱས་ནས་ལྗོངས་ཕྱིར་གསོ་སྦྱོང་བྱེད་པར་མངགས་པ། ཀོང་ཏུང་གི་མཐོ་སློབ་16གི་སློབ་གྲྭ་ཆེ་མོ་བ་1013ཉིང་ཁྲིར་སློབ་སྐྱོར་བྱེད་པར་འདེམས་གཏོང་བྱས་ཡོད།
རི་ཀླུང་ཁྲི་ཕྲག་བརྒལ་ཡང་། བརྩེ་བ་མཚོ་ལས་ཟབ་པ། ཀོང་ཏུང་ཞིང་ཆེན་གྱི་བོད་སྐྱོར་ལས་བྱེད་ཤེས་ལྡན་པ་ཡོང་ཐེངས་རེ་རེས་ཉིང་ཁྲིའི་མི་དམངས་དང་ལག་གདང་སྦྲེལ་ནས་འབད་འབུངས་བྱས་ཚེ། བོད་ཤར་ལྷོར་དེ་བས་མཛེས་སྡུག་ལྡན་པའི་འཕེལ་རྒྱས་ཀྱི་ལེའུ་རྩོམ་ཐུབ་ངེས་རེད།