སློབ་གསོའི་སྐྱེད་ཚལ་ཡངས་པོ་རུ། སྐལ་བཟང་མེ་ཏོག་ལྷུག་པོར་བཞད།
སློབ་གསོའི་སྐྱེད་ཚལ་ཡངས་པོ་རུ། སྐལ་བཟང་མེ་ཏོག་ལྷུག་པོར་བཞད།
འདི་ནི་1985ལོའི་བོད་ལྗོངས་སློབ་ཆེན་གྱི་རྒྱལ་སྒོ་ཡིན་པ། (དཔྱད་གཞིའི་པར་རིས)
འདི་ནི་ད་ཆའི་བོད་ལྗོངས་སློབ་ཆེན་རྔ་ཆེན་སློབ་ཁུལ་ཡིན་པ།
ལོ་82ལ་སླེབས་པའི་བགྲེས་སོང་བྱམས་པ་ཆོས་རྒྱལ་གྱིས་གཞིས་རྩེ་ནས་ཡོང་བའི་བཅར་འདྲི་ཞུ་མཁན་ལ་སྣེ་ལེན་ཞུས་མ་ཐག་འདི་ག་ཚགས་པར་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་འགོ་ཚུགས། མ་གཞི་ཁོང་ལ་དུབ་སྣང་ཅུང་ཟད་སླེབས་མོད། འོན་ཀྱང་རྩ་ཆེ་ལ་བརྗེད་པར་དཀའ་བའི་འདས་དོན་སྐོར་གླེང་སྐབས་ཁོང་གི་མིག་ཟུང་ལས་དེ་མ་ཉིད་དུ་གྲུང་ཉམས་ཤིག་མངོན། དེ་ནས་ཁོང་གིས་རྩ་ཆེའི་པར་མང་པོ་བླུགས་པའི་པར་དེབ་རྙིང་པ་མཐུག་པོ་ཞིག་བཏོན་ཡོང་བ་དེའི་ནང་ལོ་ངོ་དྲུག་ཅུའི་རིང་བོད་ཀྱི་སློབ་གསོའི་བྱ་གཞག་ལ་བྱུང་བའི་འཕོ་འགྱུར་ཆེན་པོ་ཟིན་ཐོར་བཀོད་ཡོད།
“འདི་ནི་1952ལོར་ང་ཚོ་གཅེན་གཅུང་གསུམ་པོ་སློབ་གྲྭར་ཐེངས་དང་པོ་འགྲོ་སྐབས་པར་ཁང་དུ་བརྒྱབ་པའི་དྲན་རྟེན་པར་རེད”ཅེས་བགྲེས་སོང་གིས་སྟོད་གོས་ཀྱི་བྲང་ངོས་སུ་ལྷ་ས་གྲོང་ཁྱེར་སློབ་ཆུང་དང་པོའི་སློབ་རྟགས་བཏགས་པའི་ཕྲུ་གུ་གསུམ་ལ་མཛུབ་མོ་བཙུགས་ནས་དེ་ལྟར་བཤད་རྗེས་པར་ལ་ཨ་སློག་ཅིག་བརྒྱབ་ནས“སྐབས་དེ་དུས་སློབ་གྲྭར་འགྲོ་རྒྱུ་བྱུང་བ་ནི་ངོ་མ་བསོད་ནམས་བསགས་པ་ཞིག་རེད། ང་ཚོ་སློབ་གྲྭར་འགྲོ་མཁན་ཕྲུ་གུ་ཁག་དང་པོའི་གྲས་རེད”ཅེས་བཤད། འདྲ་པར་ནང་གྱོན་ཆས་གཙང་ལ་གྲལ་འགྲིག་པོར་གྱོན་པའི་ཕྲུ་གུ་གསུམ་པར་ཁང་གི་རྒྱབ་རས་མདུན་དུ་བསྡད་ཡོད་པ་དང་། ཁོང་ཚོའི་མིག་ཟུང་ལས་ཤེས་བྱ་སྦྱོང་བར་སྐོམ་པ་ཆུ་འདོད་ལྟར་བྱེད་པའི་འདུན་པ་ཤུགས་སུ་ཚོར་གྱི་འདུག
བགྲེས་སོང་ཁོང་གིས་ཡུད་ཙམ་ཁུ་སིམ་མེར་བསྡད་རྗེས་མུ་མཐུད་དེ་གསར་འགོད་པར“1959ལོར་ང་རང་ལྷ་ས་སློབ་འབྲིང་དུ་སློབ་གཉེར་ལ་ཕྱིན་པ་ཡིན། དེ་ནས་ཅང་མ་འགོར་བར་བོད་དམག་ཁུལ་ཁང་གི་ཟློས་གར་ཚོགས་པར་འཐེན་བྱུང་། 1963ལོའི་ཟླ་6པར་ང་ཚོས་བོད་ཀྱི་ཚབ་བྱས་ནས་པེ་ཅིང་དུ་ཟློས་གར་འཁྲབ་པར་ཕྱིན་པ་ཡིན། དེ་དུས་ཙུང་ལི་ཀྲོའུ་ཨེན་ལའེ་ཡི་བྱམས་བརྩེའི་མཇལ་འཕྲད་ཀྱང་ཐོབ་བྱུང”ཞེས་བཤད་བྱུང་། རྩ་ཆེའི་མྱོང་བ་དེ་ནི་སྒྱུ་རྩལ་པ་བགྲེས་སོང་ཁོང་གི་ཀྱག་ཀྱོག་གི་མི་ཚེའི་ལམ་བུའི་འགོ་འཛུགས་སར་གྱུར་ཡོད།
བགྲེས་སོང་ཁོང་གིས་1985ལོར་བརྒྱབ་པའི་པར་རྙིང་པ་ཞིག་དལ་བུར་བཏོན་ཡོང་བ་དེ་ནི་ཉི་འོད་འོག་བཀྲག་མདངས་ལྷག་པར་འཚེར་བའི་བོད་ལྗོངས་སློབ་ཆེན་བཙུགས་མ་ཐག་པའི་སྒོ་བན་རེད་འདུག ཁོང་གིས“ལོ་དེར་ང་རང་སྒྱུ་རྩལ་སློབ་གླིང་གི་དགེ་རྒན་ཁག་དང་པོའི་གྲས་སུ་ཚུད་བྱུང་། ལྷ་ས་སློབ་ཆུང་དང་པོ་ནས་བོད་ལྗོངས་སློབ་ཆེན་བར་མི་ཚེ་འདིར་ངས་བོད་ཀྱི་སློབ་གསོའི་བྱ་གཞག་ལ་འཕོ་འགྱུར་ཆེན་པོ་བྱུང་བ་མིག་མཐོང་ལག་ཟིན་བྱུང”ཞེས་འདྲ་པར་ལ་བརྩེ་བ་ཟབ་མོས་ལྟ་བཞིན་དེ་ལྟར་བཤད། ལོ་དེར་བོད་ཀྱི་མཐོ་རིམ་སློབ་གསོར་འགྱུར་ལྡོག་གསར་པ་ཞིག་བྱུང་ནས་ཕྲུ་གུ་དེ་བས་མང་བར་སློབ་ཆེན་འགྲིམ་པའི་བསྐལ་བ་བཟང་པོ་ཐོབ།
སྒོ་རའི་ནང་འདབ་བརྒྱ་ལྷུག་པོར་གྲོལ་བའི་སྐལ་བཟང་མེ་ཏོག་ལ་ལྟ་བཞིན་བགྲེས་སོང་གིས“2004ལོར་དགེ་རྒན་གྱི་ལས་གནས་ལས་དགོངས་པ་ཞུས་རྗེས་སྤྲོ་སྣང་བག་ཕེབས་ཀྱི་ཚེ་མཇུག་སྐྱིད་པོ་ཞིག་སྐྱེལ་དགོས་བསམ་བྱུང་། འོན་ཀྱང་ཞིབ་འཇུག་སློབ་མ་སྐྱོང་དགོས་པས་རྒན་ཡོལ་མ་ཞུས་གོང་ལས་བྲེལ་བ་ཆེ་བ་འདུག”ཅེས་བཤད། 《བོད་ཀྱི་སྲོལ་རྒྱུན་ལྷ་མོ་ཨ་ཅེ་ལྷ་མོའི་སྒྱུ་རྩལ་ཞིབ་འཇུག》དང《བོད་ཀྱི་འཆམ་གྱི་སྒྱུ་རྩལ》སོགས་ཁོང་གི་ཆེད་རྩོམ་དང་རིག་གཞུང་དཔྱད་རྩོམ་མང་དག་ཅིག་དཔེ་སྒྲོམ་སྟེང་གྲལ་འགྲིག་པོས་བསྒྲིགས་ཡོད་པ་དག་ལས་ཁོང་གིས“རྒན་ཡོལ་ཞུས་རུང་སྙིང་སྟོབས་མི་ཉམས་པར”རིག་གཞུང་ཞིབ་འཇུག་གི་ལོ་ཟླ་ཇི་ལྟར་སྐྱེལ་མིན་ཟུར་བལྟས་ལེབ་མཐོང་རེད། མི་ཚེ་གང་པོའི་སེམས་ནུས་ཡོད་ཚད་འདུས་པའི་བརྩམས་ཆོས་དེ་དག་ནང་བོད་ཀྱི་སྲོལ་རྒྱུན་སྒྱུ་རྩལ་གྱི་ཉིང་བཅུད་འདུས་ཡོད། ན་ནིང་ཟླ་7པར་དགུང་ལོ་བརྒྱད་ཅུ་ཡོལ་བའི་བགྲེས་སོང་ཁོང་གིས་གཞི་ནས་དཔེ་ཁྲིད་མི་སྐྱོང་གི་བྱ་བ་ལས་རྦད་དེ་དགོངས་པ་ཞུས།
“ད་ལྟའང་སྲོལ་རྒྱུན་སྒྱུ་རྩལ་སྐོར་སྐད་ཆ་འདྲི་བར་ཡོང་མཁན་སློབ་མ་མང་པོ་འདུག”ཅེས་ཁོང་གིས་ཅོག་ཙེའི་སྟེང་ཁ་ཕྱེ་ནས་བཞག་པའི་ཞིབ་འཇུག་གི་མྱོང་བ་གསར་ཤོས་ཐར་ཐོར་དུ་བཀོད་པའི་ཟིན་བྲིས་དེབ་དེར་མཛུབ་མོ་བཙུགས་ནས་དེ་ལྟར་བཤད། མ་གཞི་ད་ལྟ་དགུང་ལོ་མཐོ་པོ་སླེབས་རུང་། བགྲེས་སོང་ཁོང་སྔར་མུས་བཞིན་བོད་ཀྱི་རིག་རྩལ་དང་སློབ་གསོའི་བྱ་གཞག་ལ་ཧུར་ཐག་གཞོལ་ཞིང་། ཁོམ་པ་ཡོད་རིམ་བཞིན་གྲོང་གསེབ་དང་འབྲོག་ཁུལ་སོགས་སུ་བསྐྱོད་དེ། ཐོག་མའི་དཔྱད་གཞིའི་ཡིག་ཆ་བཙལ་ནས་རང་ཉིད་ཀྱི་རིག་གཞུང་ཞིབ་འཇུག་ལ་མཐུན་རྐྱེན་སྐྲུན་གྱི་ཡོད།
བསམ་འདུན་ཆེ་ཤོས་སྐོར་འདྲི་སྐབས་ཁོང་གིས་སྒེའུ་ཁུང་གི་ཕྱིར་ལྷུག་པོར་བཞད་པའི་སྐལ་བཟང་མེ་ཏོག་ལ་ལྟ་བཞིན“བོད་ཀྱི་སློབ་གསོའི་བྱ་གཞག་མཚར་སྡུག་བཀྲ་བའི་མེ་ཏོག་འདི་དག་བཞིན་ལོ་རེ་ལས་མ་འདས་པར་སྐྱེ་སྟོབས་ཀྱི་དཔལ་འབར་བའི་རེ་བ་ཡོད”ཅེས་བཤད།